Degé Kangyur volume 61, F.152.b

སྡོམ་པ་དང་། ཉེ་བར་གནས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་དང་། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །​བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་པ་ལྔ་ལ་སོགས་པ་ཡང་ཡོངས་སུ་དག་པར་འགྱུར་ཏེ། བདེ་འགྲོར་འགྲོ་བར་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་བ་ནས། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །​གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་པ་ཞིག་གིས་སྡིག་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་དག་ལ་སྐུར་པ་འདེབས་པ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། སྲོག་གཅོད་པ་དང་། དཀོན་མཆོག་གསུམ་གྱི་ནོར་རྐུ་བ་དང་། སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་དང་། ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་། གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང་། འཇིམ་པའི་སྐུ་གཟུགས་བྱེད་དུ་འཇུག་ཅིང་། བྱེད་དུ་བཅུག་ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་གཙོ་བོར་བྱས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པར་གྱུར་ནས་ཟླ་བ་ཡར་གྱི་ཚེས་བརྒྱད་ནས་བརྩམས་ཏེ་བཅོ་ལྔའི་བར་དུ་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་དང་། སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མར་མེ་དང་། སིལ་སྙན་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ། སེམས་ཅན་དེ་དག་ཐར་པར་བྱ་བའི་ཕྱིར་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ནི་མཁྱེན། ལྷའི་སྙན་གྱིས་ནི་གསན། ལྷའི་སྤྱན་གྱིས་ནི་གཟིགས་ཤིང་སེམས་ཅན་དེ་དག་བདེ་འགྲོར་འགྲོ་བར་འགྱུར་གྱི་ངན་འགྲོར་འགྲོ་བར་མི་འགྱུར་བ་དང་། ལེགས་པར་བྱ་བ་བྱེད་ཀྱི་ངན་པར་བྱ་བ་མི་བྱེད་པར་ཡོངས་སུ་བསྔོ་ཞིང་། དེ་ལྟར་སེམས་ཅན་ངན་སོང་དུ་སྐྱེས་པ་དེ་དག་ཐར་པར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་གདབ་བོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh186.html?part=UT22084-061-006-251#UT22084-061-006-251