Degé Kangyur volume 61, F.138.b

དུས་གཅིག་ཏུ་དེའི་མཛད་པ་ཐམས་ཅད་འབྱུང་ཡང་གནས་ནས་ཀྱང་མི་གཡོ་ཞིང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ་། །​འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་གནས་རྣམས་ཀྱང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལས་འབྱུང་ངོ་། །​འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་དཔྱོད་པ་ལ་མཁས་པར་འགྱུར་ཏེ། དེ་ཆོས་རྣམས་ལ་འདི་ལྟར་དཔྱོད་དོ། །​མིག་ནི་གཟུགས་ཀྱི་དམིགས་པའི་རྒྱུ་མ་ཡིན། གཟུགས་ཀྱང་མིག་གི་དམིགས་པའི་རྒྱུ་མ་ཡིན་ལ་དམིགས་པའི་རྒྱུ་རྐྱེན་ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ཡང་མིག་ལས་ཀྱང་མ་བྱུང་། གཟུགས་ལས་ཀྱང་མ་བྱུང་ཞིང་རྣམ་པར་ཤེས་པ་དེ་ནི་བྱུང་ནས་ཞིག་ལ་ཞུ་ཞིང་མི་གནས་པའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱང་དེ་བཞིན་ནོ། །​ཡིད་ཀྱང་ཆོས་ཀྱི་རྐྱེན་མ་ཡིན་ཞིང་ཆོས་ཀྱང་ཡིད་ཀྱི་རྐྱེན་མ་ཡིན་ལ། དམིགས་པའི་རྒྱུ་རྐྱེན་ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ནི་ཡིད་ལས་ཀྱང་མ་བྱུང་། ཆོས་རྣམས་ལས་ཀྱང་མ་བྱུང་ཞིང་། ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་བྱུང་ནས་ཞིག་ལ་ཞུ་ཞིང་མི་གནས་པའོ། །​དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་རྐྱེན་མ་ཡིན། བྱང་ཆུབ་ཀྱང་དགེ་བའི་རྩ་བའི་རྐྱེན་མ་ཡིན་མོད་ཀྱི། དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཀྱི་རྐྱེན་ལ་དམིགས་པ་ལས་སེམས་སྐྱེ་བ་རྣམས་ཀྱིས་སྐྱེ་སྟེ། དེ་དག་ཀྱང་སྐྱེས་ནས་ཞིག་ཅིང་ཞུ་ལ་མི་གནས་པའོ། །​དེ་ལ་སེམས་གང་གིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དང་། སེམས་གང་གིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་གཉིས་ནི་ཕན་ཚུན་མི་སྦྱོར་རོ། །​དཔེར་ན་མེ་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་སྟེ། འོན་ཀྱང་རྒྱུ་དང་རྐྱེན་གྱིས་འབར་རོ། །​འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མེ་འབར་བ་ཡང་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་སྟེ། འོན་ཀྱང་དགེ་བའི་རྩ་བའི་རྒྱུ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མེ་འབར་ཏེ། ཤེས་པ་དེ་ལྟ་བུ་དང་ལྡན་པ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh185.html?part=UT22084-061-005-780#UT22084-061-005-780