Degé Kangyur volume 61, F.79.b

།རྡོ་རྗེའི་སྙིང་པོའི་ས་ཕྱོགས་མཉམ་ཞིང་ཡིད་དུ་འོང་ལ་རྒྱ་ཆེ་ཞིང་ཡངས་པ། ཆག་ཆག་ལེགས་པར་བཏབ་པ། ཕྱག་དར་ལེགས་པར་བྱས་པ། ལེགས་པར་རྣམ་པར་ཕྱེ་བ། པོག་སྣོད་ནས་བདུགས་པ། མེ་ཏོག་ཨུཏ་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ཏི་མུག་ཏ་ཀ་དང་། ཀ་དམ་པ་དང་། པར་ཤི་ཀ་དང་། ཏ་ར་ནི་དང་། སྐྱ་སྣར་དང་། མྱ་ངན་འཚང་དང་། ཀོ་རན་ད་ཀ་དང་། སྣ་མ་དང་། ཡུ་ཐི་ཀའི་མེ་ཏོག་དག་བཀྲམ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པས་མཛེས་པར་བྱས་པ་ན་སེང་གེའི་ཁྲི་རིན་པོ་ཆེའི་སྙིང་པོ་དང་། རིན་པོ་ཆེའི་རས་བཅོས་བུ་འབུམ་དག་བཏིང་བ། རིན་པོ་ཆེའི་བླ་རེ་བྲེས་པ། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པ། རིན་པོ་ཆེའི་ལྡ་ལྡི་སྤྱངས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། ནོར་བུ་དང་། གསེར་དང་། རྡོ་རྗེ་དང་། བཻ་དཱུརྱ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ཨན་ད་རྙིལ་དང་། རྡོའི་སྙིང་པོ་དང་། མ་རྒད་དང་། སྤུག་དང་། ཤེལ་དང་། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་གིས་བརྒྱན་པ་ལ་བཞུགས་ཏེ། དབང་པོ་ཞི་བ་ཐུགས་ཞི་བ་དུལ་བ་དང་ཞི་གནས་དམ་པ་བརྙེས་པ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། བསྲུངས་པ། གཙོ་བོར་གྱུར་པ། དབང་པོ་ཐུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། རིན་པོ་ཆེའི་མཆོད་སྡོང་ལྟར་མངོན་པར་འཕགས་པ་དཔལ་འབར་ཞིང་ལམ་མེ་ལྷན་ནེར་བཞུགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། སྐུ་དཔེ་བྱད་བཟང་པོས་མཛེས་པར་བྱས་པ། རྒྱ་མཚོ་ཆེན་པོ་ལྟར་དམ་པའི་ཆོས་ཀྱི་ཆུས་ཡོངས་སུ་གང་བ། རི་རབ་ལྟར་མི་བསྐྱོད་པ། ས་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ། ཆུ་ལྟར་དགེ་བའི་རྩ་བ་རབ་ཏུ་སྐྱེད་པ། ཐ་སྙད་ལྟར་ཐུགས་མཉམ་པ། ནམ་མཁའ་ལྟར་གོས་པ་མེད་པ། ཉི་མ་ལྟར་མི་ཤེས་པའི་མུན་པ་སེལ་བ། ཟླ་བ་ལྟར་དཀར་པོའི་ཆོས་ཡོངས་སུ་རྫོགས་པ། ཡིད་བཞིན་གྱི་ནོར་བུ་ལྟར་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ། ཉི་མ་ལྟར་ཤར་བ། ཉི་མ་ལྟར་གཟི་བརྗིད་ཀྱིས་ལམ་མེ་བ། ཟླ་བ་ལྟར་བསིལ་ཞིང་སིམ་པར་མཛད་པ། རྒྱ་མཚོ་ལྟར་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་རྒྱ་མཚོ་ལྟར་ཟབ་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh182.html?part=UT22084-061-002-329#UT22084-061-002-329