Degé Kangyur volume 59, F.146.b

ལྷུང་བཟེད་བསྣམས་ཏེ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་སྟེང་གི་བར་སྣང་ལ་མི་བདུན་གྱི་སྲིད་ཙམ་དུ་མངོན་པར་འཕགས་ཏེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །​བསྐྱོད་མ་ཐག་ཏུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །​ཀུན་དུ་རབ་ཏུ་ལྡེག །​འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་སྟེ། ལྟས་བཅྭ་བརྒྱད་དང་ལྡན་པ་རྣམ་པ་དྲུག་ཏུ་གཡོས་སོ། །​གཞན་ཡང་ཆོ་འཕྲུལ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོང་སྙེད་སྟོན་ཅིང་ཡངས་པ་ཅན་དུ་གཤེགས་སོ། །​དེའི་ཚེ་ལྷ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོང་དུ་མ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་དང་། ལྷའི་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་རྣམས་དང་། ལྷའི་ཨ་ག་རུའི་ཕྱེ་མ་དང་། རིན་པོ་ཆེའི་ཕྱེ་མ་དང་། འཛམ་བུ་ཆུ་བོའི་གསེར་དང་། ལྷའི་རིན་པོ་ཆེའི་ཕྱེ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །​ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མངོན་པར་རབ་ཏུ་དཀྲོལ་ཏོ། །​ལྷའི་རྒྱན་དཔག་ཏུ་མེད་པ་རྣམས་ཀྱིས་བརྒྱན་ཏོ། །​སྟེང་གི་བར་སྣང་ལ་ཙན་དན་དམར་པོ་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་གྱི་རྒྱུན་ཕབ་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱི་གནས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་གདན་བཤམས་པ་དེ་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་དང་ཐབས་ཅིག་གོ། །​དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་བཞུགས་པར་རིག་ནས་རང་གི་ལག་ནས་བཅའ་བ་དང་། བཟའ་བ་དང་། མྱང་བ་བཟང་པོ་རབ་ཏུ་མང་པོས་ཚིམ་པར་བྱེད་ཅིང་གང་བཞེད་པ་སྟོབ་པར་བྱེད་དོ། །​དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ཞལ་ཟས་གསོལ་ལགས་པར་རིག་ནས་ལྷུང་བཟེད་བླངས་ཏེ་ཆབ་ཕུལ་ནས་ཕྱག་བཅབས་སོ། །​བྱེ་བ་ཁྲག་ཁྲིག་འབུམ་རི་བའི་ཆོས་གོས་གསུམ་གྱིས་བཅོམ་ལྡན་འདས་ལ་མངོན་པར་གསོལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh163.html?part=UT22084-059-006-375#UT22084-059-006-375