Degé Kangyur volume 59, F.159.b
ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ། །སངས་རྒྱས་འདྲེན་པ་གཞལ་མེད་དཔག་མེད་ཀྱི། །སྤྱད་པ་སྤྱོད་ཚེ་གང་གིས་རིམ་གྲོ་དང་། །དེ་བཞིན་མཆོད་པ་མཆོག་དག་བྱེད་པ་ནི། །དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་འཛིན་ཏོ། །གང་ཞིག་བསྐལ་པ་བྱེ་བར་ཚངས་སྤྱོད་ཅིང་། །འཇིག་རྟེན་མཐའ་ཡས་དོན་ནི་སྔར་སྤྱད་པ། །གང་ཞིག་ཕྱི་མའི་དུས་སུ་མདོ་སྡེ་འདི། །ཐོས་པའི་བསོད་ནམས་གྲངས་སུ་འགྱུར་མ་ཡིན། །སངས་རྒྱས་འཁྲུགས་མེད་ཡང་ན་ཚེ་དཔག་མེད། །སངས་རྒྱས་གཞལ་མེད་དཔག་མེད་དེ་དག་འདིར། །སེམས་ཅན་སྙིང་པོ་གང་གིས་མཐོང་འདོད་པ། །མདོ་སྡེ་མཛེས་པ་དཔག་མེད་བཟུང་བར་གྱིས། །ཚེ་དཔག་མེད་དང་མི་འཁྲུགས་དྲི་མེད་འོད། །སེང་གེ་དང་ནི་ཏོག་དང་དེ་བཞིན་དུ། །གང་ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ། །ཕྱི་མའི་དུས་སུ་རྒྱལ་མཆོག་ཆོས་ཟུང་ཤིག །སངས་རྒྱས་བྱམས་པ་དང་ནི་དྲི་མེད་འོད། །བདག་ཉིད་ཆེན་པོ་དང་ནི་སེང་གེ་ཏོག །རབ་སྣང་གཙོ་བོ་དེ་བཞིན་མཐོང་འདོད་པ། །དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་ཟུང་ཤིག །འདི་འདྲའི་མདོ་སྡེ་ཁྱད་པར་འཕགས་མཆོག་དག །རིན་ཆེན་དྲ་བ་ཅན་ལ་ང་ཡིས་བཤད། །ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་ནི། །བག་མེད་གནས་ལ་འདུག་པར་མ་བྱེད་ཅིག །ཕྱི་མའི་དུས་ཀྱི་ཚེ་རུ་གྱུར་པ་ན། །ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་བྱོས་དང་། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། །རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་། །རིན་ཆེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས། །སྟེང་གི་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། །མྱུར་བ་ཉིད་དུ་སངས་རྒྱས་བྱམས་པ་མཐོང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཞི་བཅུ་དང་། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་དང་། ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རྣམས་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། ལོཙྪ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར། ཞུས་ཆེན་གྱི་ལོཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།
Previous The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh163.html?part=UT22084-059-006-401#UT22084-059-006-401