Degé Kangyur volume 59, F.71.b

དེའི་ཕྱིར་ཚིག་ཐམས་ཅད་ཀྱང་ཡང་དག་པ་ཞེས་བྱའོ། །​གང་ཡང་ལྷ་སྦྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པ་ཚིག་དེ་གཉིས་ཐ་དད་པ་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག་ཐམས་ཅད་ནི་དེ་བཞིན་ཉིད་ལས་མི་འདའ་བའོ། །​གང་ཚིག་གི་རྣམ་པར་རིག་པར་བྱས་པ་སྟེ་ཐམས་ཅད་ནི་རྣམ་པར་རིག་པ་མེད་པས་རྣམ་པར་རིག་པར་བྱས་པ་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར། ཡི་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར་ཚིག་ཐམས་ཅད་ནི་མཚུངས་པའོ། །​མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་དུ་འདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཀྱི་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ། །​སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །​སྨྲས་པ། ཅི་ཡི་གེ་དེ་དག་འཕགས་པ་འམ་འཕགས་པ་མ་ཡིན་པ་ཞེས་རྟོག་གམ། སྨྲས་པ། དེ་མ་ཡིན་ནོ། །​སྨྲས་པ། ཇི་ལྟར་ཡི་གེ་དེ་དག་མི་རྟོག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །​དེ་དག་ལ་ཐ་སྙད་མེད་དེ། འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་པས་ཐ་སྙད་དུ་མི་འདོགས་སོ། །​ཆོས་སུ་འདུ་ཤེས་པ་མ་ཡིན། ཆོས་མ་ཡིན་པར་འདུ་ཤེས་པས་མ་ཡིན། བདག་ཏུ་འདུ་ཤེས་པས་མ་ཡིན། ཕ་རོལ་ཏུ་འདུ་ཤེས་པས་མ་ཡིན་ནོ། །​འདི་ལྟ་སྟེ་དཔེར་ན། སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དག་ནི་རྐྱེན་གྱིས་སྒྲ་འབྱུང་ཡང་དེ་དག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་རྐྱེན་ཀུན་འབྱུང་བ་མཐོང་བའི་ཕྱིར་ཐ་སྙད་དུ་འདོགས་པས་ཆགས་པར་མི་བྱེད། མངོན་པར་ཆགས་པར་མི་བྱེད་དོ། །​དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་དག་འདུས་ཏེ་འཁོད་པས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བྱ་བ་དང་། འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1394#UT22084-059-003-1394