Degé Kangyur volume 59, F.31.a

རྣམ་པར་བྱང་བ་སྟོན་པ་སྟེ་བཞི་པོ་འདི་དག་གོ། །​ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟོབས་དང་ལྡན་པས་དགེ་བའི་རྩ་བ་ཆུད་མི་ཟ་བ་ཡིན་ཏེ། བཞི་གང་ཞེ་ན། གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བ་དང་། ཁྲོས་པ་རྣམས་ལ་བྱམས་པ་སྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ་བཞི་པོ་འདི་དག་གོ། །​ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསྟན་པར་ཤེས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་པ་དག་ལ་སྔོན་དུ་འགྲོ་བ་རྣམས་ཡིན། ལྟུང་བ་རྣམས་ཀྱི་ཕ་རོལ་ལ་རྩོད་པར་མི་བྱེད་པ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། ཆོས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ་བཞི་པོ་འདི་དག་གོ། །​ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་གནས་ནས་འདོད་པའི་ཁམས་སུ་སྐྱེའོ། །​བཞི་གང་ཞེ་ན། སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ་རྣམས་ཀྱིས་སྟོབས་བསྐྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་ཐབས་དང་ཤེས་རབ་སྒོམ་པ་སྟེ། བཞི་པོ་འདི་དག་གོ། །​ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་ཅིང་རིམ་གྲོར་བྱེད་པ་དང་། བྱམས་པ་དཔག་ཏུ་མེད་པ་སྒོམ་པ་དང་། སྙིང་རྗེ་དཔག་ཏུ་མེད་པ་སྒོམ་པ་སྟེ་བཞི་པོ་འདི་དག་གོ། །​ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དེ། བཞི་གང་ཞེ་ན། སྔར་དམ་བཅས་པ་ལས་མི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། དགེ་བའི་རྩ་བ་རྣམས་ལ་ཤིན་ཏུ་མོས་པ་དང་། བསམ་པའི་ནན་ཏན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh160.html?part=UT22084-059-003-1313#UT22084-059-003-1313