Degé Kangyur volume 59, F.21.b

།དེ་དག་གིས་གཏན་དུ་རྣམ་པར་དག་པར་བྱ་བའི་ཕྱིར་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའ་འདུས་པ་ལ་ཡན་ལག་ལྔས་གཏུགས་ཏེ། ཉེས་པ་བཤགས་ནས་གདོད་དེའི་འོག་ཏུ་ལས་དེ་རྣམ་པར་དག་པར་འགྱུར་རོ། །​དེ་ནས་དེ་བཞིན་གཤེགས་པ་ཡང་མཐོང་། ཆོས་ཀྱང་ཤེས་པར་འགྱུར་ལ། བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། །​དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དགེ་སློང་དེ་དག་བསལ་དུ་སྩལ་བར་བགྱིའོ། །​དགེ་སློང་སྡིག་ཅན་དེ་ལྟ་བུ་དག་ཆགས་འོག་ཐམས་ཅད་དུ་གྲགས་པ་ཡང་མི་སྤྲོ་ན། མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཞོ་ཤས་འཚོ་བ་དག་བཏང་སྟེ། དགེ་སློང་དེ་དག་བསལ་དུ་བཅུག་ནས་ཆགས་འོག་ཐམས་ཅད་དུ་དེ་དག་མི་འདུག་པར་བྱས་སོ། །​བཅོམ་ལྡན་འདས་འདི་ནི་དེ་དག་གི་ཚེ་འདིའི་རྣམ་པར་སྨིན་པ་ལགས་སོ། །​དེ་དག་ནི་ཚེ་ཕྱི་མ་ལ་ཡང་བདག་ཉིད་ཀྱིས་བདག་ཉིད་བརྡེགས་པ་ལགས་སོ། །​དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་དང་། དམ་པའི་ཆོས་སྤོང་བ་དང་། ཆོས་སྨྲ་བ་ལ་སྡང་བ་དང་། མངོན་པར་བརྩོན་པ་མེད་པར་དད་པས་བྱིན་པ་ལེན་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ནོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​སངས་རྒྱས་སོམ་ཉི་ཟ་བ་གཡང་སའི་མཆོག །​འཇིག་རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ། །​བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས། །​མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །​དེས་ནི་ཆོས་ཀྱང་སྤངས་པས་ངན་སོང་འགྲོ། །​ལོ་ནི་སྟོང་ལས་མི་ཉུང་བར་དུ་ཡང་། །​དམུས་ལོང་དབང་པོ་དམན་ཞིང་སེམས་ཀྱང་ཉམས། །​སྡུག་བསྔལ་ཆེན་པོ་འདི་ནི་གཡང་ས་གཉིས། །​སངས་རྒྱས་ཆོས་འཛིན་མི་འཇིགས་གང་ཡིན་པ། །​ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱོང་བྱེད་པ། །​དེ་དག་སྐུར་འདེབས་གཡང་ས་ཆེན་པོ་གསུམ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh159.html?part=UT22084-059-002-399#UT22084-059-002-399