Degé Kangyur volume 58, F.25.a

ཐམས་ཅད་ཀྱི་དབང་པོ་སྐུལ་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། ཆོས་དང་མི་འགལ་བ་དང་། བསོད་ནམས་ཀྱི་རྒྱུ་འཐུན་པ་ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཟླ་བ་ལྟར་དྲི་མ་མེད་ཅིང་སྙན་པ་དང་། འདོད་ཆགས་ཀུན་ཏུ་སྐྱེད་པ་མ་ཡིན་པ་དང་། ཚར་གཅད་ནས་ཡོན་ཏན་སྨྲ་བ་དང་། ཞེ་སྡང་མི་སྐྱེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་དང་། གཏི་མུག་ཀུན་ཏུ་མི་སྐྱེད་པ་དང་། ཕྱོགས་བཅུར་གོ་བར་བྱེད་ཅིང་རྒྱས་པར་འགེངས་པ་དང་། ཚིག་དོན་མེད་པ་མ་ཡིན་པ་དང་། ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དུ་འབྱུང་སྟེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ། །​བློ་གྲོས་རྒྱ་མཚོ་དེ་ལ་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཀྱི་འཇུག་པ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་རྣམས་རབ་ཏུ་ཤེས་སོ། །​མཉམ་པར་བཞག་ཀྱང་སྤྱོད་ལམ་ཐམས་ཅད་ཀུན་ཏུ་སྟོན་ཅིང་ཏིང་ངེ་འཛིན་དེ་ལས་ལྡང་བའང་མེད་དོ། །​དེའི་སེམས་ཀྱི་ལས་ནི་བདུད་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ། །​དེའི་སེམས་ཀྱི་འཇུག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་ཤེས་སོ། །​བྱང་ཆུབ་སེམས་དཔའ་དེ་ནི་བདག་ལ་གནོད་པར་བྱ་བ་དང་། གཞན་ལ་གནོད་པར་བྱ་བ་དང་། གཉི་ག་ལ་གནོད་པར་བྱ་བ་མི་སེམས་སོ། །​དེའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་ཆོས་གང་ལ་ཡང་ཐོགས་པ་མེད་དོ། །​དེ་ཆོས་ཐམས་ཅད་རིག་པར་ཡེ་ཤེས་མཐོང་བ་སྐྱེའོ། །​སེམས་དང་ཡིད་དང་རྣམ་པར་ཤེས་པ་དེས་རིག་པ་མེད་པར་ཚོར་བ་ཡང་སོ་སོར་མྱོང་ལ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཚོར་བ་འགོག་པ་མངོན་སུམ་དུ་ཡང་མི་བྱེད་དེ། བློ་གྲོས་རྒྱ་མཚོ་འདི་ནི་བྱང་ཆུབ་སེམས་དཔའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བའོ། །​བློ་གྲོས་རྒྱ་མཚོ་འདི་ནི་ཤིན་ཏུ་དཀར་བའི་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དེའི་རྩ་བའི་གནས་ཏེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh152.html?part=UT22084-058-001-3055#UT22084-058-001-3055