Degé Kangyur volume 58, F.82.a

དེ་དག་གང་གི་ཚེ་མཉམ་པར་མ་བཞག་པར་གནས་པ་དེའི་ཚེ་ན་ཡང་སྔོན་འཕངས་པའི་ཡོངས་སུ་བསྔོ་བ་འདི་བརྒྱ་ལམ་ན་ཡང་ཆུད་ཟ་བར་མི་འགྱུར་རོ། །​བློ་གྲོས་རྒྱ་མཚོ་དེའི་ཕྱིར་སྐྱེས་བུ་མཁས་པ་ཁ་ཅིག་དཔེ་བསྟན་པས་བཤད་པའི་དོན་ཤེས་པར་འགྱུར་བས་ཁྱོད་ལ་དཔེ་བྱའོ། །​བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་བུ་རམ་ཤིང་གི་ཞིང་ངམ། འབྲས་སཱ་ལུའི་ཞིང་ངམ། རྒུན་འབྲུམ་གྱི་ཞིང་རྣང་སྒལ་བྱས་པར་གྱུར་པ་དེ་ལ་མི་ཞིག་གིས་རྣང་ཐམས་ཅད་ལ་ཡུར་བ་ཅི་རིགས་པར་བཏོད་ནས། རྐ་ནས་ཆུ་ཕབ་སྟེ་ཡལ་བར་བོར་ནས་ཉལ་བ་དང་། དེ་ནས་མི་དེ་ཉལ་ཡང་ཡུར་བ་ཇི་ལྟ་བཏོད་པ་བཞིན་དུ་ཆུ་འབབ་སྟེ། དེ་ལ་མི་དེ་བརྩོན་པར་བྱ་མི་དགོས་ཤིང་བསྒྲིམ་མི་དགོས་པར་རྣང་ཐམས་ཅད་ཆུས་གང་བར་འགྱུར་རོ། །​བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་མ་བཞག་ཀྱང་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་ལ་ཡོངས་སུ་སྔོ་བར་བྱེད་དེ་ཐབས་ཀྱིས་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོའོ། །​དེ་བསམ་པ་ཤིན་ཏུ་ཡོངས་སུ་དག་ཅིང་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་བསྲུངས་པའི་ཕྱིར་མཉམ་པར་གཞག་པར་གནས་ཀྱང་དགེ་བའི་རྩ་བ་དེ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་། སྔོན་གྱི་སྨོན་ལམ་ལེགས་པར་བཏབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་རྣམས་རླན་པར་བྱེད་དོ། །​བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་སྔོན་ཤིན་ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་། དྲན་པ་མི་གཡེང་བ་དང་། ཐེག་པ་དམན་པ་དང་བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་བརྒྱ་ལམ་ན་ཡང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་སྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ། །​བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། རི་སུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར་ལ་དེ་མི་ཞིག་གིས་རྩ་བ་ནས་བཅད་པར་བརྩམས་ནས་དེ་ཆོད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh152.html?part=UT22084-058-001-3169#UT22084-058-001-3169