Degé Kangyur volume 58, F.54.b

སྐྱེས་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །​བཅོམ་ལྡན་འདས་ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་བདག་འདི་སྙམ་བགྱིད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཆོས་མ་ལགས་སོ། །​གང་ཆོས་མ་ལགས་པ་དེ་ནི་ཆོས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་ཞེན་པས་ཆོས་མ་ལགས་སོ། །གང་མངོན་པར་ཞེན་པ་མ་མཆིས་པ་དེ་ནི་ཆོས་སོ། །​བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ་ཤེས་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་མ་ལགས་པའོ། །​བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་སོ། །​བཅོམ་ལྡན་འདས་དོན་དམ་པར་བསྟན་ན་ཆོས་དང་ཆོས་མ་ལགས་པ་མི་དམིགས་སོ། །​གང་ལ་ཆོས་ཀྱི་འདུ་ཤེས་ཀྱང་མ་མཆིས། ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས་པ་དེ་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་སོ། །​གང་ལ་ཆོས་སུ་བགྲང་བ་གང་ཡང་མ་མཆིས་པ་དེ་མཐའ་མ་ལགས་པའོ། །​གང་མཐའ་མ་ལགས་པ་དེ་ཡང་དག་པའི་མཐའོ། །​དེ་ཅིའི་སླད་དུ་ཞེ་ན། ནམ་མཁའི་མཐའ་ནི་ཡང་དག་པའི་མཐའ་སྟེ། ནམ་མཁའ་ལ་ནི་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་སོ། །​ཇི་ལྟར་ནམ་མཁའ་ལ་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་ཚར་གཅད་པའི་མཐའ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་ནི་ནམ་མཁའི་མཐའ་ཞེས་བགྱིའོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་གིས་ཡང་དག་པའི་མཐའ་བསྟན་པ་འདི་ཐོས་ནས་དེ་བཞིན་དུ་ཡང་དག་པ་ཉིད་དུ་ཁས་ལེན་པ་དེ་དག་ནི་ཆོས་གང་ལ་ཡང་གཉིས་སུ་དབྱེ་བར་ཁས་ལེན་པ་མ་ལགས་སོ། །​བཅོམ་ལྡན་འདས་བདག་གིས་ནི་ཆོས་གང་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་བསྟན་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​བཅོམ་ལྡན་འདས་བདག་གིས་དེ་ལྟར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh152.html?part=UT22084-058-001-3114#UT22084-058-001-3114