Degé Kangyur volume 58, F.55.a

བསྟན་ན་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སུ་ལུང་སྟོན་པ་ལྟ་ལགས་སམ། ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ལྟ་ལགས་སམ། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཡང་དག་པ་སྟེ། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སུ་ལུང་སྟོན་པ་ཡིན་ནོ། །​ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ཡིན་ནོ། །​རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བས་ལུང་བསྟན་པ་འདི་བཤད་པ་ན་ལྷའི་འཁོར་དེ་ལས་ལྷའི་བུ་ཁྲིས་རྗེས་སུ་འཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །​ཡོན་ཏན་གྱི་རྒྱལ་པོ་སྣང་བ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟའམ། ཡིད་གཉིས་སུ་གྱུར་ན་དེ་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གྱི་རྒྱལ་པོ་སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུར་ཏོ། །​དེའི་ཕྱིར་ཡོན་ཏན་གྱི་རྒྱལ་པོ་སྣང་བ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏད་དོ། །​གཟུང་བ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་འཁོར་འདིའི་མདུན་དུ་ངས་ཁྱོད་ལ་བཅོལ་ཏོ། །​བཅོམ་ལྡན་འདས་ཀྱིས་གསུང་འདི་གསུངས་མ་ཐག་ཏུ་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་སྟན་ལས་ལངས་ཏེ་མགྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ་ཞེས་སྨྲས་སོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དག་ཁྱེད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་གནས་ཏེ་ངས་བསྐལ་པ་གྲངས་མེད་པ་བྱེ་བར་བསྒྲུབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་བྱང་ཆུབ་སེམས་དཔའ་རི་དབང་གི་རྒྱལ་པོ་ཞེས་བྱ་བ་དེར་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh152.html?part=UT22084-058-001-3115#UT22084-058-001-3115