Degé Kangyur volume 57, F.44.a

ཀྱེ་རྒྱལ་བའི་སྲས་དག་འདི་ལ་གཞོན་ནུར་གྱུར་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་རྟོགས་པ་བཅུ་དང་ལྡན་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ངག་གི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས་འབྲས་བུ་ཡོད་པ་དང་ལྡན་པ་ཡིན། སེམས་བསྐྱེད་པ་ཙམ་གྱིས་སྐྱེ་བ་མངོན་པར་སྒྲུབ་པ་ཡིན། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་བསམ་བ་ཤེས་པར་བྱེད་ཅིང་མོས་པ་ལ་རྟོག་པ་ཡིན། སེམས་ཅན་གྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། འདོད་པའི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། གཟུགས་ཀྱི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། གཟུགས་མེད་པའི་ཁམས་ཐ་དད་པ་རབ་ཏུ་ཤེས་པ་ཡིན། དུས་ཇི་ལྟ་བ་བཞིན་དུ་འགྲོ་བའི་ཕྱིར་མངོན་པར་ཤེས་པ་མྱུར་བ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའོ། །​ཀྱེ་རྒྱལ་བའི་སྲས་དག་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཆོས་མངོན་པར་སྒྲུབ་པ་བཅུ་ཡང་དག་པར་བརྗོད་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོ་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་བྱིན་གྱིས་བརླབ་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དཔྱད་པ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པར་འགྲོ་བ་དང་། དྲི་བ་གྲངས་མེད་པ་དྲི་བ་དང་། ཡིད་ཀྱི་ལུས་མངོན་པར་སྒྲུབ་པ་དང་། སྒྲ་སྐད་ལ་སྦྱོར་བ་ཚད་མེད་པ་དང་། སེམས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ཡོངས་སུ་འགྲུབ་པ་ཡང་དག་པར་བརྗོད་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤས་ཆེར་མངོན་པར་སྒྲུབ་པ་མཁས་པ་ལ་སྦྱོར་ཞིང་། གོང་དུ་གནས་གང་དག་ཐོས་པའི་གནས་དེ་དག་ལ་ཡང་བདག་ཉིད་སྦྱོར་གྱི་གཞན་གྱི་དྲིང་ལ་མི་འཇོག་པ་ཐོབ་པའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པའོ། །​ཀྱེ་རྒྱལ་བའི་སྲས་དག་དེ་ལ་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་རྒྱལ་ཚབ་ཀྱི་བྱང་ཆུབ་སེམས་དཔའ་ནི་ཆོས་རྟོགས་པར་བྱ་བ་བཅུ་ལ་མཁས་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་སྐྱེ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན། ཉོན་མོངས་པ་རྒྱུ་བ་རྟོགས་པར་བྱ་བ་ལ་མཁས་པ་ཡིན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh145.html?part=UT22084-057-004-2610#UT22084-057-004-2610