བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་ཞེས་བྱ་བ་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་འདིའི་འཛམ་བུའི་གླིང་འདི་ཉིད་དུ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་དམག་དཔོན་སེང་གེ་ཞེས་བྱ་བའི་ཁྱིམ་དུ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པ་དེ་སྐྱེས་མ་ཐག་ཏུ་ཆེད་དུ་བརྗོད་པ་འདི་སྐད་དུ་བརྗོད་དོ། །གང་གིས་སེམས་ཅན་བྱེ་མང་རྣམས། །ཉོན་མོངས་གྱུར་པ་ཐར་མཛད་ཅིང་། །ཤཱཀྱའི་རིགས་རྣམས་དགའ་མཛད་པ། །རྫོགས་པའི་སངས་རྒྱས་བཞུགས་སམ་ཅི། །བརྩོན་པས་ཕ་རོལ་གཤེགས་གྱུར་ཅིང་། །ཡེ་ཤེས་འཕྲིན་ལས་མཉམ་བཞག་ལ། །མཁྱེན་པ་རྒྱ་མཚོ་མཐའ་ཡས་པ། །རྫོགས་པའི་སངས་རྒྱས་བཞུགས་སམ་ཅི། །ཞི་བའི་ཐུགས་མངའ་བཟོད་པ་བརྙེས། །ཟུག་རྔུ་འབྱིན་མཛད་དེ་བཞིན་གཤེགས། །སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་། །ཆོས་དེ་རློམ་པར་མི་མཛད་པ། །རྫོགས་པའི་སངས་རྒྱས་བཞུགས་སམ་ཅི། །འཇིག་རྟེན་གསུམ་ན་མི་གནས་ཀྱང་། །གང་གིས་འདོད་ཁམས་གཟུགས་ཁམས་དང་། །གཟུགས་མེད་ཁམས་ནི་མ་ལུས་པར། །མཁྱེན་པས་གཞལ་བར་མཛད་གྱུར་པ། །སྤྱན་དང་ལྡན་པ་བཞུགས་སམ་ཅི། །དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་ཡན་ལག་གནས་ཞེས་བྱ་བས་སྐུ་ལྷའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྫོགས་པའི་སངས་རྒྱས་བསྐལ་པའམ། །དེ་བས་ལྷག་པར་བཞུགས་འགྱུར་བས། །ཕྱིས་ཀྱང་རྫོགས་སངས་མཐོང་འགྱུར་གྱིས། །འདོད་པས་དགའ་བར་གྱིས་ཤིག་ཁྱེའུ། །འདི་ནི་རྒྱལ་ཆེན་ཁྱིམ་ཡིན་གྱིས། །འདོད་པའི་དགའ་མཆོག་སྤྱོད་བྱོས་ལ། །སད་ནས་པི་ཝང་རྔ་ཆེན་དང་། །རྫ་རྔ་རྣམས་དང་འཁར་སིལ་རྡོབས། །དེ་ནས་ཁྱེའུ་དེས་དེ་བཞིན་གཤེགས་པ་ཡིན་པ་ཁོ་ནར་ཤེས་མོད་ཀྱི་ལྷ་ཡིན་པར་འདུ་ཤེས་པའི་སེམས་ཅན་གཞན་དག་གི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་སྨྲས་པ། སེམས་ཅན་གང་དག་འདོད་དབང་སོང་། །དེ་དག་བྱིས་པ་རྨོངས་པ་ཡིན། །དེ་དག་གིས་ནི་རྫོགས་སངས་དང་། །སངས་རྒྱས་བསྟན་པ་མི་ཤེས་སོ། །འདོད་རྣམས་སྙིང་པོ་མེད་པས་ན། །འདོད་པའི་ལོངས་སྤྱོད་བདག་མི་འདོད། །འདོད་པ་སྤུ་གྲིའི་སོ་འདྲ་བས། །འདོད་པ་དེ་ལ་སུ་ཡིད་རྟོན། །