Degé Kangyur volume 55, F.231.b

སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས། འདི་ལྟ་བུའི་འོད་ཀྱིས་སྣང་བར་བྱས་ཏེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཟླ་བའི་འོད་ཀྱང་མི་སྣང་། ཉི་མ་དང་། སྐར་མ་དང་། མེ་དང་། ནོར་བུ་དང་། གློག་གི་འོད་རྣམས་ཀྱང་མི་སྣང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་དང་། སྐར་མ་རྣམས་དང་། ལྷའི་གཞལ་མེད་ཁང་གི་འོད་ཀྱང་མི་སྣང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཀྱང་མི་སྣང་ངོ་། །​སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། ཏིང་ངེ་འཛིན་དེའི་མཐུས་གང་ལྷ་ཁ་ཅིག་ཀྱང་ལྷའི་དྲི་མི་ཚོར་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྷའི་དྲི་ལས་ཤིན་ཏུ་འདས་པའི་དྲིས་དྲི་རབ་ཏུ་ཞིམ་པར་བྱས་སོ། །​འཇིག་རྟེན་གྱི་བར་ཐམས་ཅད་ཀྱང་སྣང་བར་གྱུར། ཁོར་ཡུག་གི་རི་དང་ཁོར་ཡུག་གི་རི་ཆེན་པོ་ཡང་སྣང་བར་བྱས། རི་རབ་དང་། དེ་མ་ཡིན་པ་རིའི་རྒྱལ་པོ་གཞན་དག་དང་། རི་ནག་པོ་དག་ཀྱང་སྣང་བར་གྱུར་ཏེ། ཕྱིས་ནི་སེམས་ཅན་གང་གི་མིག་གི་དབང་པོ་ལ་ཡང་སྣང་བར་མ་གྱུར་ཏོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀྱང་རིན་པོ་ཆེའི་དྲ་བས་ཀུན་ནས་བསྐོར་བར་གྱུར་ཏོ། །​སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་དུ་ཡང་དར་གྱི་ལྡ་ལྡིས་བྲེས་ཤིང་པོག་སྣོད་ནས་སྤོས་ཀྱིས་བདུགས་ལ་མེ་ཏོག་སྣ་ཚོགས་བཀྲམ་པར་གྱུར་ཏོ། །​སངས་རྒྱས་ཀྱི་མཐུས་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ཀྱང་བྱ་རྒོད་ཕུང་པོའི་རི་དང་བཅས་ཏེ། དེ་དག་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཅིང་། ཤིང་རྟའི་འཕང་ལོ་ཙམ་གྱི་རིན་པོ་ཆེ་སྣ་ཚོགས་ཀྱི་པད་མ་ཆེན་པོ་འདབ་མ་བརྒྱ་སྟོང་ཡོད་པ། དྲི་རབ་ཏུ་ཞིམ་ཞིང་ཡིད་དུ་འོང་བས་ཀུན་གང་བར་གྱུར་ཏོ། །​སྟེང་གི་བར་སྣང་ལས་ཀྱང་རིན་པོ་ཆེའི་དྲ་བའི་གདུགས་ཀྱིས་གཡོགས་ཤིང་བརྒྱན་ཏོ། །​ཡུལ་མ་ག་དྷཱ་ཐམས་ཅད་ཀྱང་གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ། །​དེ་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་བརྒྱ་སྟོང་རྣམས་ཀྱང་སོ་སོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསྐུལ་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh131.html?part=UT22084-055-005-405#UT22084-055-005-405