Degé Kangyur volume 55, F.236.b

བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་། མཚན་མ་ཐམས་ཅད་དང་བྲལ་བ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་། མཚན་མ་ཐམས་ཅད་དང་བྲལ་བའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་འདི་རྒྱས་པར་བསྟན་པ་དང་། ཤིན་ཏུ་རྒྱས་པ་ཡང་རྒྱ་ཆེར་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །​ལུས་དེ་ལུས་མ་ཡིན་ཞིང་ལུས་ལས་ཡོངས་སུ་གྲོལ། །​སུས་ཀྱང་མ་བྱས་མ་བཤིག་རྙེད་པར་གྱུར་པའང་མེད། །​ཆོས་རྣམས་གང་ནའང་ཀུན་ཏུ་ལྡན་མེད་མི་ལྡན་མེད། །​བདེ་བར་གཤེགས་པ་རྣམས་ཀྱི་སྐུ་དེ་དེ་ལྟར་གདགས། །​འདུ་མེད་འབྲལ་བ་མེད་ཅིང་གནས་མེད་རྫས་ཀྱང་མེད། །​མ་བཟུང་མ་གྲོལ་མཉམ་པ་མེད་ཅིང་རིང་བ་མེད། །​རྩོམ་པ་མེད་ཅིང་ཐོགས་མེད་ཅི་ལའང་གནས་པ་མེད། །​བདེ་བར་གཤེགས་པ་རྣམས་ཀྱི་སྐུ་ནི་དེ་འདྲར་བསྟན། །​གཟུང་བ་མེད་ཅིང་མ་བྱས་གནས་མེད་ཅི་ཡང་མེད། །​གཟུགས་མེད་སེམས་མེད་གཉིས་མ་ཡིན་ཞིང་གཅིག་ཀྱང་མིན། །​དངོས་མེད་དངོས་མེད་མ་ཡིན་མ་བྱུང་མེད་པ་སྟེ། །​ཡང་དག་ཉིད་དུ་རྒྱལ་བའི་སྐུ་ནི་འདི་འདྲའོ། །​སྙིང་པོ་མེད་ཅིང་ཉམ་ཆུང་མ་ཡིན་བཅད་པའང་མེད། །​མ་བཅད་མ་བྱུང་ཀུན་ཏུ་མ་བྱུང་ཞིག་པའང་མེད། །​ཐོབ་པ་མེད་ཅིང་རྡུལ་ཙམ་དག་ཀྱང་བཤིག་མེད་དེ། །​རྡུལ་མེད་རྣམས་ཀྱི་སྐུ་དེ་དེ་འདྲར་ཤེས་པར་བྱ། །​མ་མཐོང་མ་ཐོས་མ་བསྣམས་རེག་པར་གྱུར་པ་མེད། །​རྣམ་པར་རིག་མེད་མ་བརྟགས་མིག་ཡོར་འདྲ་བ་སྟེ། །​སྲོག་ཆགས་མཐོང་ནས་རང་གི་འཛིན་པས་སེམས་ཀྱང་རངས། །​འདི་ནི་སངས་རྒྱས་དག་གི་སྐུ་འགྲུབ་བསྟན་པའོ། །​ཕུང་པོ་མ་ཡིན་ཁམས་མིན་མི་བརྫུན་མི་བདེན་ཏེ། །​དག་མེད་རྣམ་པར་དག་མེད་དབང་པོས་མི་རེག་པ། །​རྟོག་པ་མེད་ཅིང་རྣམ་པར་མི་རྟོག་ཆུ་ཟླ་འདྲ། །​བདེ་བར་གཤེགས་པའི་སྐུ་འདི་ལྟ་བར་སུ་འདོད་པ། །​སྐུ་ནི་རྒྱུ་དང་རྐྱེན་ལས་གྱུར་ཏེ་རང་བཞིན་མེད། །​མ་སྐྱེས་མ་འགགས་སོང་བ་མེད་ཅིང་འཕོས་པའང་མེད། །​བརྟགས་ན་འཇིག་རྟེན་གསུམ་ནི་སྒྱུ་མ་བཞིན་དུ་སྣང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh131.html?part=UT22084-055-005-415#UT22084-055-005-415