Degé Kangyur volume 55, F.229.b

ཇི་ཙམ་སེམས་ཅན་གྱི་ཁམས་སུ་གདགས་པས་བཏགས་པའི་སེམས་ཅན་གྱི་ཁམས་དེ་ནི་དེ་བཞིན་གཤེགས་པས་ཆེས་མང་བར་གསུངས་ཀྱི། སའི་ཁམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག་ཐམས་ཅད་བསྐལ་པ་བྱེ་བ་མཐའ་ཡས་མུ་མེད་པར་མགོ་བོའམ། ཕྲག་པའམ། ལག་པ་ན་ཐོགས་ཏེ། ཇི་སྲིད་འཚོའི་བར་དུ་དེ་དག་ལ་གོས་དང་ཟས་དག་བྱིན་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱེད། བླ་མར་བྱེད་ན་པད་མའི་དཔལ་གྱི་སྙིང་པོ་མི་དེ་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་མང་དུ་འཕེལ་ལམ། གསོལ་པ། སེམས་ཅན་གཅིག་ལ་ཡང་སེ་གོལ་གཏོགས་པ་ཙམ་ཞིག་བྱམས་པའི་སེམས་ཀྱིས་ཁྱབ་པར་བགྱིས་ན་དེ་ཙམ་གྱིས་ཀྱང་བསོད་ནམས་མང་དུ་སྐྱེད་ན། བསྐལ་པ་བྱེ་བ་མཐའ་ཡས་མུ་མ་མཆིས་པར་སེམས་ཅན་ཐམས་ཅད་བཟུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བགྱིས་པ་ལྟ་སྨོས་ཀྱང་ཅི་འཚལ། བཀའ་སྩལ་པ། པད་མའི་དཔལ་གྱི་སྙིང་པོ་ཁྱོད་མོས་པར་བྱའོ། །​ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། །​གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དད་པ་ལ་ཞུགས་པ། མོས་པ་མང་བ་དག་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་དོ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདག་གིས་བླང་བར་བགྱི། བཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ། །​དེ་ནས་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་ཚིག་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དབྱངས་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ། །​བཅོམ་ལྡན་འདས་བདག་ཅག་གིས་ཀྱང་མདོ་སྡེ་འདི་ལྟ་བུ་འདི་བླང་བར་བགྱི། བཟུང་བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh130.html?part=UT22084-055-004-290#UT22084-055-004-290