Degé Kangyur volume 55, F.227.a

འདི་ལྟར་དེ་བཞིན་གཤེགས་པས་སྐྱེས་བུ་དམ་པ་འདི་གཉིས་ཀྱི་སྨོན་ལམ་ཆེན་པོ་བཤད་པ་ཐོས་ནས་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་བའི་སླད་དུའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​པད་མའི་དཔལ་གྱི་སྙིང་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །​བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཚེའི་ཚད་ནི་དཔག་ཏུ་མེད་དེ། དེའི་མཐའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་བཤད་ཀྱང་རྟོགས་པར་སླ་བ་མ་ཡིན་ནོ། །​རིགས་ཀྱི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཚེ་དཔག་ཏུ་མེད་དུ་ཟིན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ། མི་བརྟན་པ། ཐེར་ཟུག་མ་ཡིན་པ། ཡུན་དུ་གནས་པ་མ་ཡིན་པ་སྟེ། རིགས་ཀྱི་བུ་མ་འོངས་པའི་དུས་འདས་པ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །​དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་དེའི་དམ་པའི་ཆོས་གནས་ཏེ། ཇི་ལྟར་བཞུགས་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་སྟེ། ལྷག་ཆད་མེད་པར་འགྱུར་རོ། །​གཞན་དུ་ན་སེམས་ཅན་རྣམས་དེ་བཞིན་གཤེགས་པ་དེ་མཐོང་བ་མེད་པར་ཟད་དོ། །​བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །​རིགས་ཀྱི་བུ་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་པད་མ་དག་དང་ཤིང་ལྗོན་པ་དག་གིས་དེ་བཞིན་གཤེགས་པ་དེ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་པད་མ་དག་དང་ཤིང་ལྗོན་པ་དེ་དག་ལས་ཀྱང་ཆོས་ཀྱི་སྒོ་བརྒྱ་ཕྲག་དུ་མ་འབྱུང་བར་འགྱུར་རོ། །​རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས་པ་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་མ་ཐག་པའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རིན་པོ་ཆེ་དུ་མའི་བཀོད་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh130.html?part=UT22084-055-004-285#UT22084-055-004-285