Degé Kangyur volume 55, F.209.a

།འཇམ་དཔལ་ངས་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་གཅིག་བསྐྱེད་པ་ལས་ཁ་ན་མ་ཐོ་བ་ཆེ་བའི་ཆོས་དེ་ལྟ་བུ་གཅིག་ཀྱང་མ་མཐོང་ངོ་། །​འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་མཚོན་གྱིས་བཏབ་བམ། དབྱུག་པས་བརྡེགས་པ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཐ་ན་གནོད་སེམས་སམ། ཐ་བའམ། ཞེ་སྡང་གི་སེམས་གཅིག་བསྐྱེད་དམ། ཁྲོས་ཏེ་བརྙས་པའི་སེམས་བསྐྱེད་ན་དེ་དེ་བས་སྡིག་པ་ཆེས་མང་དུ་སྐྱེད་དོ། །​འཇམ་དཔལ་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པའམ། བརྙས་པའི་སེམས་བསྐྱེད་པ་ཇི་ཙམ་པ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་དམྱལ་བ་རྣམས་སུ་གནས་པར་གོ་ཆ་བགོ་བར་བྱའོ། །​འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་མ་གཏོགས་པར། བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་རྡོ་རྗེ་ནི་རྡོ་རྗེ་ཉིད་མ་གཏོགས་པར་ཤིང་ངམ། བོང་བའམ། དབྱུག་པའམ། རྡོ་བའམ། མཚོན་ཆས་གཅག་པར་མི་ནུས་སོ། །​འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་མ་གཏོགས་པར་ལས་གཞན་གྱིས་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །​འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཅི་འདོད་པ་སྦྱིན་པ་བྱིན་པ་བས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གཞན་གྱིས། འཐུན་པར་བྱ་བའི་དོན་དུ་གཡོས་དེ་བཞིན་གཤེགས་པ་ནི་རྟག་པའོ། །​དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་ཞེས་ཚིག་ཏུ་སྨྲ་ན་ཡང་དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །​འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷའི་ལོ་སྟོང་དུ་དཀོན་མཆོག་གསུམ་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་གཞན་ཞིག་ཐ་ན་སེ་གོལ་གཏོགས་པ་སྲིད་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh129.html?part=UT22084-055-003-644#UT22084-055-003-644