Degé Kangyur volume 55, F.195.b

བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྒྲིབ་པ་མེད་པའི་བློའི་རྣམ་པར་ཐར་པ་ཡོངས་སུ་འཛིན་པ་སྟེ་བཞི་པོ་དེ་དག་གོ། །​འཇམ་དཔལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། བཞི་གང་ཞེ་ན། དུས་སུ་སྦྱིན་པ་དང་། གཡོ་མེད་ཅིང་སྒྱུ་མེད་པ་དང་། ལྷག་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མི་འབྲལ་བ་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཤིན་ཏུ་གུས་པ་སྟེ་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །​འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོའམ། བློན་པོ་ཆེན་པོ་གང་ཞིག་འདི་སྐད་ཅེས་གལ་ཏེ་ཁྱོད་སེམས་ཅན་གཅིག་གི་དོན་དུ་དགེ་བའི་རྩ་བ་གཅིག་ཡང་དག་པར་བསྒྲུབས་ཏེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཆང་གཅིག་ཙམ་སྦྱིན་ཞིང་བསྒྲུབ་ན་ཡང་དེའི་ཕྱིར་ངས་ཁྱོད་ཀྱི་ཤ་སེན་མོས་བཏོགས་ཏེ་མེད་པར་བྱའོ་ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་སྐད་ཟེར་བ་ལ་མི་སྐྲག་མི་དངང་དངང་བར་མི་འགྱུར་ཞིང་འཇིགས་པ་མེད་ཀྱི། འདི་ལྟར་སེམས་སྐྱེད་དེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་ཀྱི་ཤ་སེན་མོས་བཅད་དེ་བོར་ཡང་བདག་སྤྲོ་བར་བྱའི་བདག་སེམས་ཅན་གཅིག་གི་ཕྱིར་ཡང་ཇི་ཙམ་དུ་ཆུང་ངུ་ན་ཡང་དགེ་བའི་རྩ་བ་གཅིག་ཡང་དག་པར་མི་བསྒྲུབ་ཏུ་མི་གཏང་ངོ་སྙམ་ནས་སེམས་བསྐྱེད་པ་གཅིག་པོ་དེས་བྱང་ཆུབ་སེམས་དཔའ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་ཟིལ་གྱིས་གནོན་ཏོ། །​ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱང་ཟིལ་གྱིས་གནོན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །​གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱོང་བར་འགྱུར་རོ། །​དེ་བཞིན་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྒྱ་བྱིན་དང་ཚངས་པ་འཐོབ་ཅིང་མྱོང་བར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh129.html?part=UT22084-055-003-617#UT22084-055-003-617