Degé Kangyur volume 55, F.61.a
སོ་སོའི་སྐྱེ་བོ་ཀུན་ལ་ཡིད་མི་བརྟན། །སྡུག་བསྔལ་རེག་ཀྱང་ཡི་མུག་མེད་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དབུལ་པོ་མཐོང་ན་ནོར་དང་ལྡན་པར་བྱ། །ཚུལ་ཁྲིམས་འཆལ་པ་མཐོང་ན་བརྩེ་བ་བསྐྱེད། །ཕན་པའི་དངོས་ལ་རྟག་ཏུ་གདམས་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཆོས་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་ཤིང་། །འཇིག་རྟེན་ཟང་ཟིང་རྟག་ཏུ་གཏང་བར་བྱ། །བསགས་པར་མི་བྱ་སྤུང་བར་མི་བྱ་སྟེ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཚུལ་ཁྲིམས་བསྔགས་ཤིང་ཚུལ་ཁྲིམས་འཆལ་པ་སྨད། །གཡོ་སྒྱུ་མེད་ཅིང་ཚུལ་ཁྲིམས་ལྡན་ལ་སྟེན། །ནོར་ལ་མི་གནས་བདོག་པ་ཐམས་ཅད་གཏོང་། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ལྷག་པའི་བསམ་པས་བླ་མ་གཉེར་བ་དང་། །ཇི་སྐད་སྨྲས་པ་དེ་བཞིན་ཐམས་ཅད་བྱ། །ཆོས་སྨྲ་བ་ཡང་མི་འཆད་བསྟེན་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །རི་མོར་བཅས་ཤིང་རྟག་ཏུ་ཡིད་དགར་བྱ། །ཞི་བའི་ལྟ་བས་ཁོར་མོར་གནས་པར་བྱ། །སྔོན་སྤྱོད་རྣམས་ལ་རྟག་པར་ཤིན་ཏུ་ངེས། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དགེ་བའི་སྤྱོད་པར་རྟག་ཏུ་སྔོན་དུ་འགྲོ། །འདུ་ཤེས་བཟློག་དང་དངོས་པོའི་མཚན་ཉིད་དང་། །མཚན་མ་སྤང་བ་ལ་ཡང་ཐབས་མཁས་པ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །མདོ་སྡེ་སྒྲུབ་པའི་ཚིག་ལ་མཁས་པ་དང་། །བདེན་པ་བསྟན་པའི་ཚིག་ལ་གདོན་མི་ཟ། །རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་བྱེད། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །མགོ་གཅིག་ཏུ་ནི་ཚིག་རྣམས་བརྗོད་པར་བྱ། །ཇི་ལྟ་བཞིན་དུ་མཐོང་ཞེས་རྟོགས་པར་མཁས། །རྟག་ཏུ་ཚིག་ལ་ཐེ་ཚོམ་མེད་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །སྟོང་པ་ཉིད་ཀྱི་ཆོས་ཀྱང་རྟག་ཏུ་བསྟེན། །འཇིགས་པ་མེད་ཅིང་ཚུལ་ཁྲིམས་སྟོབས་ལ་གནས། །ཏིང་འཛིན་གནས་ཀྱིས་མཉམ་པར་འཇུག་པར་བྱ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །ཤེས་ཀྱི་ཁེ་འདོད་ཕྱིར་ནི་ཡོང་མི་བསྟན། །སེམས་ཀྱང་གྱ་གྱུ་ཅན་དུ་མི་བྱ་སྟེ། །བལྟ་བར་བྱས་པ་ཐམས་ཅད་རྣམ་པར་སྤང་། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5953#UT22084-055-001-5953