Degé Kangyur volume 55, F.60.b
།མི་དགེ་བ་ཡི་སེམས་ལ་སྨོད་པ་དང་། །སྦྱངས་པ་རྗེས་སུ་མི་གཏོང་བསོད་སྙོམས་སྦྱོང་། །ཆོས་རྣམས་རྐང་གཉིས་གཙོ་བོ་སྟོན་པ་མཛད། །ཁྲེལ་ཡོད་ངོ་ཚ་ཤེས་པ་རྟག་ཏུ་སྤྱོད། །བླ་མ་ལ་ཡང་གུས་སྨྲ་ལྡང་བ་དང་། །ཐོག་མ་ཉིད་ནས་ང་རྒྱལ་ཚར་བཅད་པར། །ཆོས་རྣམས་རྒྱལ་བ་ཆོས་རྗེ་དེ་ལྟར་སྟོན། །སེམས་ནི་ལྡང་བ་ནས་ཀྱང་སེམས་དགེ་སྟེ། །ཡེ་ཤེས་ཁོང་དུ་ཆུད་ཅིང་རྟོགས་པར་བྱེད། །མི་ཤེས་ཕྱོགས་རྣམས་རྟག་ཏུ་རྣམ་པར་སྤོང་། །བྱང་ཆུབ་མཆོག་གི་ཆོས་རྣམས་སྟོན་པ་མཛད། །སེམས་ལ་འཇུག་པ་དང་ནི་སྒྲ་ཤེས་པ། །ངེས་པའི་ཚིག་ལ་འཇུག་ཅིང་དོན་རྟོགས་དང་། །གནོད་པ་ཐམས་ཅད་རྟག་ཏུ་རྣམ་སྤང་པར། །རྒྱལ་བ་ཆོས་ཀྱི་བདག་པོ་དེ་ལྟར་སྟོན། །སྐྱེས་བུ་དམ་པ་རྟག་ཏུ་ཡང་དག་བསྟེན། །སྐྱེས་བུ་ངན་པ་དག་ནི་རྣམ་པར་སྤང་། །རྒྱལ་བ་ལ་ཡང་རྟག་ཏུ་དད་ཅིང་དགའ། །ཆོས་མཆོག་རྒྱལ་བ་དེ་ལྟར་སྟོན་པ་མཛད། །བཏགས་པ་དང་ནི་བརྡ་དང་ཐ་སྙད་དང་། །འཁོར་བའི་སྡུག་བསྔལ་རྣམས་ནི་རྟག་པར་སྤང་། །རྙེད་དང་མ་རྙེད་པ་ལ་ཞུམ་པ་མེད། །ཆོས་ཀྱི་དམ་པ་རྒྱལ་བས་དེ་ལྟར་བསྟན། །བཀུར་སྟི་རྙེད་ཀྱང་མཚར་དུ་མི་བཟུང་ཞིང་། །བཀུར་སྟི་མ་བྱས་ན་ཡང་བཏང་སྙོམས་བཞག །ཡང་དག་བསྔགས་པས་ནམ་ཡང་རློམ་སེམས་མེད། །འཇིག་རྟེན་ཕན་པའི་བསྟན་པ་འདི་འདྲའོ། །གཤེ་ཞིང་སྨོད་པ་ཐམས་ཅད་བཟོད་པར་བྱ། །ཁྱིམ་པ་ཀུན་དང་ལྷན་ཅིག་མི་བསྟེན་ཅིང་། །རབ་ཏུ་བྱུང་བ་དང་ཡང་འགྲོགས་མི་བྱ། །རྒྱལ་བ་ཆོས་ཀྱི་བདག་པོ་དེ་སྐད་སྟོན། །སྤྱོད་ཡུལ་མ་ཡིན་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་སྤྱོད་ཡུལ་ལ་ནི་རབ་ཏུ་གནས། །སྤྱོད་པ་ཕུན་སུམ་ཚོགས་ཤིང་དུལ་བའི་སེམས། །ཆོས་ཀྱི་ཚུལ་འདི་བདེ་བར་གཤེགས་པས་བཤད། །བྱིས་པའི་ཆོས་རྣམས་རྟག་ཏུ་རྣམ་པར་སྤང་། །རིགས་སུན་པ་ཡང་ཐམས་ཅད་སྤང་བར་བྱ། །སངས་རྒྱས་བསྟན་པ་རྟག་པར་ཡོངས་སུ་བསྲུང་། །ཆོས་ཀྱི་བདག་པོ་རྒྱལ་བ་དེ་སྐད་སྟོན། །སྨྲ་བ་ཉུང་ཞིང་རབ་ཏུ་འབྲེལ་ལ་སྙན། །གཞན་དག་ལ་ཡང་ཚིག་འཇམ་དགེ་བར་སྨྲ། །ཕས་ཀྱི་རྒོལ་བ་ཆོས་དང་ལྡན་པས་འདུལ། །རྒྱལ་བའི་རྗེས་སུ་བསྟན་པ་འདི་འདྲའོ། །དུས་སུ་འགྲོ་སྟེ་དུས་ལ་མ་བབ་མིན། །
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh127.html?part=UT22084-055-001-5952#UT22084-055-001-5952