Degé Kangyur volume 54, F.260.b

རང་སངས་རྒྱས་ཀྱང་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཀྱང་མ་ཡིན། སངས་རྒྱས་ཀྱང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱང་མ་དམིགས་ན་དེ་ཆོས་གང་ལ་ཡང་གནས་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །​དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་གང་ལ་གནས་པར་འགྱུར་བའི་ཆོས་དེའང་མི་དམིགས་ཏེ། ཆོས་རྣམས་མི་དམིགས་པ་ནི་མི་གནས་པ་ཞེས་བགྱིའོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཞི་བའི་བློ་གྲོས་ལེགས་སོ་ལེགས་སོ། །​ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་ཅི་ལ་ཡང་མི་གནས་པ་དེ་བཞིན་དུ་ཞི་བའི་བློ་གྲོས་ཆོས་ཐམས་ཅད་ཀྱང་མི་གནས་པའོ། །​ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ་སྟེ་མི་གནས་པའོ། །​ཞི་བའི་བློ་གྲོས་རྗེས་སུ་འཐུན་པའི་བཟོད་པ་འདི་ནི་གསུམ་སྟེ། གསུམ་གང་ཞེ་ན། ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་དང་། འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་དང་། ཆེར་རྗེས་སུ་འཐུན་པའི་བཟོད་པའོ། །​ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་ནི་ཤུགས་དང་ལྡན་པའི་ཏིང་ངེ་འཛིན་དུ་བཤད་པར་བྱ། འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་དུ་བཤད་པར་བྱ། ཆེར་རྗེས་སུ་འཐུན་པའི་བཟོད་པ་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཏིང་ངེ་འཛིན་དུ་བཤད་པར་བྱའོ། །​དེ་ཅིའི་ཕྱིར་ཞེ་ན། ཆུང་ངུ་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་དགེ་བའི་རྩ་བའི་ཤུགས་སྐྱེའོ། །​འབྲིང་དུ་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་རབ་ཏུ་ཞི་བ་དམིགས་པར་འགྱུར་རོ། །​ཆེར་རྗེས་སུ་འཐུན་པའི་བཟོད་པ་ལས་ནི་རབ་ཏུ་སྣང་བ་ལ་སེམས་འཇུག་སྟེ། དེའི་དམིགས་པ་ཐམས་ཅད་ཡོངས་སུ་རྟོགས་པར་འགྱུར། ཆོས་ཉིད་ལ་རབ་ཏུ་གནས་པར་འགྱུར། ཆོས་ཉིད་ལ་རབ་ཏུ་གནས་པས་ན་དོན་རྣམས་ལེགས་པར་ཡོངས་སུ་ཟིན་པར་འགྱུར་རོ། །​དེ་ནི་དེའི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །​དེས་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཅིག་ཏུ་རྟོགས་པར་འགྱུར་ཏེ། དེ་ནི་དེའི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །​ཆོས་དེ་རྣམས་ཀྱང་སྐྱེ་བོ་རྣམས་ཀྱི་ངེས་པའི་ཚིག་བཞིན་དུ་འཆད་དེ། ངེས་པའི་ཚིག་དེ་ལ་ཡང་མངོན་པར་ཞེན་པར་མི་བྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1129#UT22084-054-005-1129