Degé Kangyur volume 54, F.266.b

སློབ་ཅིང་སེམས་ཅན་གང་དག་ལོག་པ་ཉིད་དུ་ངེས་པའི་ཕུང་པོ་ལ་གནས་པ་དེ་དག་ཅི་ནས་དྲང་བའི་ཕྱིར་ཐབས་མཁས་པ་ལ་སློབ་སྟེ། དེ་ཐབས་མཁས་པ་དེ་དང་ལྡན་པས་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་རབ་ཏུ་དྲང་བའི་ཕྱིར་བསྐལ་པ་བརྗོད་དུ་མེད་པར་འཁོར་བ་ན་འདུག་གོ། །​འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བདུད་རྩིའི་སྙིང་པོ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། བདུད་རྩིའི་སྙིང་པོའི་བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་ཡང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་ཞེས་བྱ་བ་སངས་རྒྱས་ཁྲག་ཁྲིག་ཚད་མེད་པ་ལ་བསྙེན་བཀུར་བྱས་པ་དགེ་བའི་རྩ་བ་ཚད་མེད་པ་དང་ལྡན་པ་ཞིག་བྱུང་ངོ་། །​དེ་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དབང་པོས་བྱིན་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །​ཇི་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ཐབས་མཁས་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཏོག་རྒྱུན་མི་འཆད་པའི་རྒྱལ་པོས་བྲམ་ཟེའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh124.html?part=UT22084-054-005-1141#UT22084-054-005-1141