Degé Kangyur volume 51, F.183.b

།དེ་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བཙོ་བར་འགྱུར་རོ། །​དེ་ནས་དེའི་ཚེ་སྲོག་ཆགས་བརྒྱད་ཁྲི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཅག་ནི་དད་པར་བགྱིད་ལགས་སོ། །​མངོན་པར་མཆོད་པར་བགྱིད་ལགས་སོ། །​རྒྱས་པར་ཡང་བགྱིད་ལགས་སོ། །འདྲི་བ་དང་། ཀློག་པ་དང་། ཉན་དུ་སྩལ་བ་དང་། འདོན་པ་ལ་སྤྲོ་བར་བགྱིད་ལགས་སོ། །​སླད་ཀྱིས་ཆོས་མ་ལགས་པའི་དུས་དེ་ལ་བབ་ན། སྤྱོ་བ་དང་། བརྒྱད་བཀག་པ་དང་། བསྡིགས་པ་བཟོད་པར་བགྱིད་ལགས་སོ། །​བཅོམ་ལྡན་འདས་བདག་ཅག་ནི་བཀའ་དྲིན་གཟོ་བར་བགྱིད་ཀྱི། བཀའ་དྲིན་མི་གཟོ་བར་མི་བགྱིད་དེ། བདག་ཅག་སླད་ཀྱིས་འགྱོད་པར་འགྱུར་བར་མི་བགྱིད་ལགས་སོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་མདོ་བསྟན་དུ་གསོལ། འདི་ནི་སླད་མའི་དུས་སླད་མའི་ཚེ་དེ་བཞིན་གཤེགས་པའི་ཕྲིན་ལས་བགྱིད་པར་འགྱུར་བ་ལགས་སོ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་ཇི་ལྟར་ཡོངས་སུ་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་ལ་ལྟ་བར་འདོད་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་པ་ཡོངས་སུ་དག་པ་དང་། ཆོས་འདོད་པར་བྱས་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བར་བྱའོ། །​བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགོན་པ་ན་གནས་པས་ཇི་ལྟར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ཁྱིམ་ན་གནས་པ་ཡོངས་སུ་སྤང་བ་དང་། མི་དགེ་བའི་བཤེས་གཉེན་གྱི་འདུ་འཛི་ཡོངས་སུ་སྤང་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh114.html?part=UT22084-051-002-243#UT22084-051-002-243