Degé Kangyur volume 51, F.183.a

།ཉོན་མོངས་པ་ཐམས་ཅད་ཟད་པར་བགྱིད་པ། བདུད་ཐམས་ཅད་ཡང་དག་པར་འཇོམས་པ། སྡིག་པ་ཐམས་ཅད་ཟད་པར་བགྱིད་པ། སེམས་ཅན་མ་དད་པ་རྣམས་དད་པར་བགྱིད་པ། མུ་གེའི་གནོད་པ་ཞི་བར་བགྱིད་པ། ནད་ཐམས་ཅད་ཞི་བར་བགྱིད་པ། དུས་མ་ལགས་པར་འཆི་བ་ཐམས་ཅད་ཟློག་པ། བདག་གིས་དེ་བཞིན་གཤེགས་པ་གློག་སྣང་བ་ལས་ཐོས་ནས། ཐོས་པའི་མོད་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཅིང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་དེ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་ཆད་པ་གང་ལགས་པ་དེ་བསྟན་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་སེམས་ཅན་ངའི་བསྟན་པ་ལ་མ་དད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དག་ལ་མངོན་པར་མ་དད་ཅིང་ཡིད་མི་ཆེས་ལ། ཚིག་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་མ་ཡིན་ནོ། །​འདི་ལ་ནི་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཅི་ཡང་མེད་དོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆགས་པས་ཟིལ་གྱིས་ནོན་ནས། མཆོད་པ་ཡང་མངོན་པར་འདུ་བྱེད་པར་མི་འགྱུར་ལ། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པ་བྱེད་པར་མི་འགྱུར་ཏེ། དེ་དག་ནི་ཚེ་འདི་ཉིད་ལ་ཡང་འཁྲུག་པ་མང་པོ་འབྱུང་བར་འགྱུར་ལ། ཕྱིས་ཀྱང་སེམས་ཅན་དམྱལ་བ་རྣམས་སུ་བཙོ་བར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡབ་ཡུམ་དང་འདྲ་ལ། ལས་ཐམས་ཅད་ཟད་པར་བྱེད་པའི་མདོ་སྡེའི་རྒྱལ་པོ་ཆེན་པོ་མཉན་པའི་དུས་མ་ཡིན་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དེ་དག་དང་། སེམས་ཅན་མང་པོ་གཞན་དག་ཀྱང་ངན་སོང་དུ་འགྲོ་བར་འོང་ངོ་། །​རིགས་ཀྱི་བུ་དེ་དག་ནི་མདོ་སྡེའི་རྒྱལ་པོ་འདི་ལ་དད་པར་མི་འགྱུར་ཏེ། འདོད་པས་ལྡོངས་པའི་ཡིད་ཀྱིས་ཁྱིམ་ཡོངས་སུ་སྐྱོང་བར་བྱེད་ཅིང་། རྨོ་རྐོ་དང་། ཚོང་དང་། གཡུལ་འགྱེད་པ་དང་། འཐབ་པ་ལ་སྲེད་པར་འགྱུར་རོ། །​དེ་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བཙོ་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh114.html?part=UT22084-051-002-241#UT22084-051-002-241