Degé Kangyur volume 51, F.27.a

སངས་རྒྱས་བཅོམ་ལྡན་འདས་པད་མའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །​ཤཱ་རིའི་བུ་དེའི་ཚེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་འོད་དེའི་སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ཞེས་བྱ་བར་འགྱུར་ཏེ། མཉམ་པ་ཉམས་དགའ་བ་བཟང་བ་སྡུག་པ་ཡོངས་སུ་དག་པ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་མི་དང་ལྷ་མང་པོས་རབ་ཏུ་གང་བ། གཞི་བཻ་དཱུརྱ་ལ་གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་པ། མིག་མངས་རིས་དེ་ཀུན་ཏུ་རིན་པོ་ཆེའི་ཤིང་སྐྱེས་ཏེ། རྟག་པར་རྒྱུན་དུ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་འབྲས་བུ་དང་ལྡན་པར་འགྱུར་རོ། །​ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འོད་དེ་ཡང་ཐེག་པ་གསུམ་ལས་བརྩམས་ནས་ཆོས་སྟོན་ཏེ། གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་བསྐལ་པའི་སྙིགས་མ་ལ་མི་འབྱུང་མོད་ཀྱི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཆོས་སྟོན་པར་འགྱུར་རོ། །​ཤཱ་རིའི་བུ་བསྐལ་པ་དེའི་མིང་ཡང་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱ་བར་འགྱུར་རོ། །​ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅིའི་ཕྱིར་བསྐལ་པ་དེ་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱ་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེ་ཆེན་པོ་ཞེས་བྱ་སྟེ། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་རྡུལ་མེད་པ་དེར། དེ་དག་དཔག་ཏུ་མེད་པ་བགྲང་དུ་མེད་པ་བསམ་གྱིས་མི་ཁྱབ་བགྲང་བ་ལས་འདས་པ་མང་པོ་འབྱུང་སྟེ། དེ་བཞིན་གཤེགས་པས་བགྲང་བ་ནི་མ་གཏོགས་སོ། །​དེའི་ཕྱིར་བསྐལ་པ་དེ་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱའོ། །​ཤཱ་རིའི་བུ་འདི་ལྟར་ཡང་དེའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་དེ་ན་ཕལ་ཆེར་རིན་པོ་ཆེའི་པད་མའི་སྟེང་ནས་གོམ་པ་འདོར་ཞིང་འགྲོ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འབྱུང་བ་དེ་དག་ནི་ལས་དང་པོ་པ་མ་ཡིན་ཏེ། དགེ་བའི་རྩ་བ་ཡུན་རིང་པོ་ནས་སྤྱད་པ། ལོ་བརྒྱ་སྟོང་མང་པོར་ཚངས་པར་སྤྱོད་པ་སྤྱད་པ། དེ་བཞིན་གཤེགས་པས་ཡོངས་སུ་བསྟོད་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་བརྩོན་པ་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱངས་པ་ལས་སྐྱེས་པ། ཆོས་ཀྱི་ཚུལ་ཐམས་ཅད་ལ་མཁས་པ། མཉེན་པ་དྲན་པ་དང་ལྡན་པ་ཡིན་ཏེ། ཤཱ་རིའི་བུ་ཕལ་ཆེར་ནི་བྱང་ཆུབ་སེམས་དཔའ་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6054#UT22084-051-001-6054