Degé Kangyur volume 51, F.26.b

།ལྷར་བཅས་འཇིག་རྟེན་དག་གིས་མདུན་བདར་ཏེ། །​དེ་བཞིན་གཤེགས་པར་བདག་འགྱུར་ཐེ་ཚོམ་བྲལ། །​བྱང་ཆུབ་སེམས་དཔའ་མང་པོ་ཀུན་འཛུད་ཅིང་། །​སངས་རྒྱས་བྱང་ཆུབ་འདི་ཡང་དགོངས་པར་བཤད། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཤཱ་རིའི་བུ་ལྷ་དང་བཅས་པའི་འཇིག་རྟེན་འདི་དག་གི་བདུད་དང་བདུད་དུ་བཅས་ཚངས་པར་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་མདུན་དུ་ཁྱོད་མོས་པར་བྱའོ། །​ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །​ཤཱ་རིའི་བུ་ངས་ཁྱོད་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུའི་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་སྟེ། །​ཤཱ་རིའི་བུ་ཁྱོད་ཡུན་རིང་པོ་ནས་ང་ཡི་རྗེས་སུ་སློབ་པར་གྱུར་པ་ཡིན་ཏེ། ཤཱ་རིའི་བུ་ཁྱོད་བྱང་ཆུབ་སེམས་དཔའི་མན་ངག་དང་། བྱང་ཆུབ་སེམས་དཔའི་གསང་ཆེན་གྱིས། ངའི་གསུང་རབ་འདི་ལ་སྐྱེས་པར་གྱུར་ཏོ། །​ཤཱ་རིའི་བུ་འདི་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་བྱང་ཆུབ་སེམས་དཔའི་མན་ངག་དང་བྱང་ཆུབ་སེམས་དཔའི་གསང་ཆེན་མི་དྲན་ནས། བདག་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཤཱ་རིའི་བུ་ངས་ཁྱོད་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་ཡེ་ཤེས་ཁོང་དུ་ཆུད་པ་དྲན་པར་བྱ་བར་འདོད་དེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་འདི། ཉན་ཐོས་རྣམས་ལ་ཡང་དག་པར་བསྟན་ཏོ། །​ཤཱ་རིའི་བུ་ཁྱོད་འདི་ལྟར་མ་འོངས་པའི་དུས་ན། བསྐལ་པ་དཔག་ཡས་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་དམ་པའི་ཆོས་བཟུང་ཞིང་། མཆོད་པ་རྣམ་པ་སྣ་ཚོགས་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ཡོངས་སུ་རྫོགས་པར་བྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་པད་མའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh113.html?part=UT22084-051-001-6053#UT22084-051-001-6053