།དེ་ནས་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དབང་དང་ལྡན་པར་གྱུར་པ་ལྔ་བརྒྱ་པོ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །གང་ཕྱིར་མཆོག་རབ་བྱང་ཆུབ་ལུང་བསྟན་ཏེ། །འདི་འདྲ་བ་ཡི་དབུགས་འབྱིན་བླ་མེད་པ། །འདི་ཐོས་ནས་ནི་བདག་ཅག་དགའ་མགུ་སྟེ། །བཅོམ་ལྡན་མཐའ་ཡས་སྤྱན་ལ་ཕྱག་འཚལ་ལོ། །ཅི་ལྟར་བྱིས་པ་མི་མཁས་མ་འཚལ་བཞིན། །བདེ་བར་གཤེགས་པའི་བསྟན་ལ་བདག་ཅག་ནི། །མྱ་ངན་འདས་པ་ཙམ་གྱིས་འཚལ་འཛིན་པ། །ནོངས་པ་དེ་དག་ཁྱེད་ལ་རབ་ཏུ་བཤགས། །ཇི་ལྟར་དཔེར་ན་མི་འགའ་ལ་ལ་ཞིག ། དེ་ཡི་མཛའ་བོའི་ཁྱིམ་དེར་ཕྱིན་གྱུར་ནས། །གྲོགས་པོ་དེ་ནི་ནོར་བདག་ཕྱུག་པོ་སྟེ། །དེས་ནི་དེ་ལ་བཟའ་བཅའ་མང་སྩལ་ནས། །ཟས་ཀྱིས་དེ་ནི་ཡང་དག་ཚིམ་པར་བགྱིས། །རིན་ཆེན་དུ་མ་རི་བ་དེ་སྩལ་ཏེ། །དེ་ཡི་བླ་གོས་མཐའ་མར་ཕུར་ཏེ་མདུད། །དེ་ལ་སྩལ་ནས་དེ་ནི་དགའ་བར་གྱུར། །བྱིས་པ་དེ་ཡང་དེ་ནས་མཆིས་གྱུར་པ། །ལངས་ནས་དེ་ཡང་གྲོང་ཁྱེར་གཞན་དུ་མཆིས། །དེ་ནི་ཉོན་མོངས་གྱུར་ཏེ་ཕོངས་ཤིང་ཚོལ། །འཚལ་མ་ཡོངས་སུ་ཚོལ་བས་ཤིན་ཏུ་སྐྱོ། །ཁ་ཟས་དེ་བཙལ་མྱ་ངན་འདས་པར་གྱུར། །དེ་ནི་ཁ་ཟས་རྒྱ་ཆེ་མི་སེམས་ཤིང་། །དེ་ཡི་རིན་པོ་ཆེ་ཡང་མི་དྲན་གྱུར། །བླ་གོས་ལ་ནི་ཕུར་བར་དྲན་མ་མཆིས། །དེ་ནི་གྲོགས་པོ་སྔ་མ་དེ་མཐོང་ནས། །བདག་གི་ཁྱིམ་དུ་རིན་ཆེན་བྱིན་པ་དེ། །དེ་ལ་ཤིན་ཏུ་ཡོངས་སུ་སྤྱོས་བརྒྱད་ནས། །རིན་ཆེན་གོས་ཀྱི་མཐའ་ན་མཆིས་པ་བསྟན། །དེ་ཡིས་མཐོང་ནས་བདེ་བ་མཆོག་དང་ལྡན། །རིན་ཆེན་དེ་ཡི་མཐུ་ནི་དེ་འདྲ་སྟེ། །ནོར་མང་མཛོད་སྟོབས་ཅན་དུ་དེ་གྱུར་ནས། །འདོད་པའི་ཡོན་ཏན་ལྔ་དང་ཤིན་ཏུ་ལྡན། །དེ་བཞིན་བཅོམ་ལྡན་བདག་ཅག་འདི་ལྟ་བུར། །སྔོན་གྱི་སྲིད་པ་ཤིན་ཏུ་ཡུན་རིང་ནས། །དེ་བཞིན་གཤེགས་པ་ཉིད་ཀྱི་འདི་སྩལ་ཏེ། །སྔོན་གྱི་སྨོན་ལམ་རྣམས་ནི་མ་འཚལ་བས། །བཅོམ་ལྡན་བདག་ཅག་འདི་ན་བྱིས་པའི་བློ། །བདག་ཅག་བདེ་གཤེགས་བསྟན་པ་མ་འཚལ་བས། །བདག་ཅག་མྱ་ངན་འདས་ཙམ་འཚལ་བར་གཟུང་། །བླ་མ་མི་རེ་མི་ཚོལ་མི་སེམས་སོ། །འདི་འདྲའི་མྱ་ངན་འདས་པ་ཡོད་མེད་ཅེས། །འཇིག་རྟེན་གཉེན་གྱིས་བདག་ཅག་འཚལ་བར་བགྱིས།