Degé Kangyur volume 50, F.147.a

སངས་རྒྱས་མཐོང་བའི་བདེ་བས་ལུས་རབ་ཏུ་ཚིམ་སྟེ། སངས་རྒྱས་མཐོང་ནས་འདི་སྙམ་དུ་སེམས་ཅན་འདིའི་མཐུས་བདག་ཅག་གིས་བདེ་བའི་ཚོར་བ་ཐོབ་བོ་སྙམས་དུ་སེམས་ཏེ། དེ་དག་བཅོམ་ལྡན་འདས་ལ་དགའ་ཞིང་དང་ལ་གུས་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀྱེ་སེམས་ཅན་དག་སངས་རྒྱས་ལ་ཕྱག་འཚལ་ལོ། །​ཆོས་ལ་ཕྱག་འཚལ་ལོ། །​དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་ཅིག་དང་རྟག་ཏུ་དེ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །​དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་གིས་ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །​ཆོས་ལ་ཕྱག་འཚལ་ལོ། །​དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་དོ། །​དེ་ནས་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་དེ་དང་། སེམས་དང་བ་དེས་དེ་ནས་ཤི་འཕོས་ནས། ཁ་ཅིག་ནི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །​ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །​གང་དག་གྲང་བའི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པའི་སེམས་ཅན་དེ་དག་ལ་ནི་རླུང་དྲོན་པོ་དག་ལངས་ནས་སྔ་མ་བཞིན་དུ་མི་རྣམས་ཀྱི་བར་དུ་སྐྱེས་སོ། །​དེ་བཞིན་དུ་ཡི་དགས་བཀྲེས་པ་དང་སྐོམ་པས་ལུས་རབ་ཏུ་འབར་བར་གྱུར་པ་དེ་དག་ཀྱང་འོད་ཟེར་དེ་དག་གིས་བཀྲེས་པ་དང་སྐོམ་པའི་མེ་ཞི་བར་བྱེད་ཅིང་བདེ་བའི་ཚོར་བ་སྐྱེད་དེ། ཡི་དགས་རེ་རེའི་མདུན་ན་ཡང་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དག་བཞུགས་པར་གྱུར་ཏེ། ཡི་དགས་དེ་དག་གིས་དེ་མཐོང་ནས་སངས་རྒྱས་མཐོང་བའི་བདེ་བས་ལུས་ཚིམ་པར་གྱུར་ནས་འདི་སྙམ་དུ་སེམས་ཅན་འདིའི་མཐུས་བདག་ཅག་གིས་བདེ་བའི་ཚོར་བ་ཐོབ་བོ་སྙམ་དུ་སེམས་ཏེ། དེ་དག་བཅོམ་ལྡན་འདས་ལ་དགའ་ཞིང་དང་ལ་གུས་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། སེམས་ཅན་དག་ཚུར་ཤེག །​ཁྱེད་ཅག་སངས་རྒྱས་ལ་ཕྱག་འཚལ་ལོ། །​ཆོས་ལ་ཕྱག་འཚལ་ལོ། །​དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་བརྗོད་ཅིག་དང་ཞེས་བྱ་བ་ནས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh112.html?part=UT22084-050-003-1828#UT22084-050-003-1828