Degé Kangyur volume 48, F.225.a

རྣམས་ཀྱི་ཚེ་ཚད་ཤེས། །​ཉན་ཐོས་རྣམས་ཀྱང་རབ་ཏུ་ཤེས། །​གང་དག་སྐྱོབ་པས་འཆད་འགྱུར་བ། །​དེ་དག་རྣམས་ཀྱི་མདོ་སྡེའང་ཤེས། །​དེ་ཡི་སངས་རྒྱས་ཞིང་ཅི་འདྲ། །​དེ་དག་གི་ནི་བཀོད་ཅི་འདྲ། །​སངས་རྒྱས་མྱ་ངན་འདས་རྣམས་ཀྱི། །​ཆོས་ནི་ཇི་སྲིད་གནས་འགྱུར་བ། །​ཏིང་ངེ་འཛིན་ལ་གནས་ནས་སུ། །​དེ་དག་ཐམས་ཅད་དེ་ཡིས་ཤེས། །​དེ་ལྟ་བས་ན་སུ་གང་ཞིག །​མང་ཐོས་འདོད་པས་དེ་བསྟེན་བྱ། །​ཏིང་འཛིན་དེ་ནི་བསྟེན་པ་ཡིས། །​དེ་ཡི་དོན་ཀྱང་ཤེས་པར་འགྱུར། །​སངས་རྒྱས་ཡེ་ཤེས་འཇུག་པ་ཡི། །​སྒོ་དེ་ཡིན་ཞིང་བློ་གྲོས་བརྟན། །​དེ་ལས་དོན་ནི་འབྱུང་བར་འགྱུར། །​སངས་རྒྱས་ཡེ་ཤེས་འཇུག་པར་འགྱུར། །གང་གི་མཐའ་ནི་ཡོད་མིན་པའི། །​བསོད་ནམས་དེ་ལས་ཐོབ་པར་འགྱུར། །​དེ་ཚེ་སངས་རྒྱས་གང་འབྱུང་བ། །​འཇིག་རྟེན་མགོན་པོ་མི་ཡི་མཆོག །​རྫོགས་པའི་སངས་རྒྱས་ཇི་སྙེད་པ། །​དེ་སྙེད་དེ་ཡིས་རབ་ཏུ་ཤེས། །​མི་གང་བྱང་ཆུབ་རབ་ཞུགས་ནས། །​སངས་རྒྱས་རེ་རེ་རེ་རེའི་ཡང་། །​ཉན་ཐོས་དག་ནི་དེ་སྙེད་པ། །​དེ་དག་རྣམས་ལ་མཆོད་པར་བྱེད། །​སངས་རྒྱས་རེ་རེ་རེ་རེ་ལའང་། །​མཆོད་པའི་དོན་ཕྱིར་ནོར་བསགས་པ། །​སྟོང་གསུམ་ལས་ནི་མི་ཉུང་བའི། །​འཇིག་རྟེན་ཁམས་ནི་ཡོངས་སུ་བཀང་། །​རྗེས་སུ་དཔག་པ་དེ་ཡིས་སུ། །​ཉན་ཐོས་དང་ནི་རྒྱལ་བར་བཅས། །​དེ་ལ་བསྐལ་པ་རྫོགས་ཚང་བར། །​སངས་རྒྱས་ཀུན་ལ་རིམ་གྲོ་བྱེད། །​འཇིག་རྟེན་མགོན་པོ་གྲགས་ཆེན་པོ། །​གང་དག་མ་བྱོན་སངས་རྒྱས་རྣམས། །​དེ་དག་ལ་ཡང་འདུ་བྱེད་འགྱུར། །​དེ་འདྲ་བ་ཡི་མཆོད་པའང་བྱེད། །​བསོད་ནམས་ཕུང་པོ་ཇི་སྙེད་པའང་། །​བློ་གྲོས་བརྟན་པ་དེ་འཛིན་བྱེད། །​སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །​ཡེ་ཤེས་དམ་པ་ཚོལ་བར་བྱེད། །​གང་དག་བྱང་ཆུབ་དོན་གཉེར་བས། །​ཏིང་ངེ་འཛིན་འདི་བསྒོམ་པར་བྱ། །​གང་གིས་ཏིང་འཛིན་འདི་བསྒོམས་པས། །​དེ་ནི་ཐོས་པས་འཕགས་པར་འགྱུར། །​གང་གིས་ཏིང་འཛིན་འདི་བསྒོམས་དང་། །​གང་དག་བསྒོམ་པར་འགྱུར་རྣམས་ཀྱི། །​བསོད་ནམས་ཕུང་པོ་དེ་ལ་ནི། །​ཚད་ཡོད་དོ་ཞེས་ང་མི་སྨྲ། །​ཏིང་ངེ་འཛིན་འདི་བསྒོམས་པ་ཡི། །​བསོད་ནམས་དེ་ནི་རབ་ཏུ་མང་། །​ཤེས་པ་དེ་ནི་རྣམ་པར་འཕེལ། །​སངས་རྒྱས་མཆོད་པས་དེ་ལྟ་མིན། །​མེ་ཏོག་སྤོས་དང་ཕྲེང་བ་དང་། །​བཟའ་བ་དག་དང་བཏུང་བ་དང་། །​ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བ། །​དེ་ནི་སངས་རྒྱས་བསྙེན་བཀུར་མིན། །​བརྟན་པའི་བློ་གྲོས་ང་ཡིས་སུ། །​བྱང་ཆུབ་སྙིང་པོར་ཆོས་གང་རྟོགས། །​ཆོས་དེར་གང་དག་སྦྱོར་བྱེད་པ། །​དེ་ཡིས་སངས་རྒྱས་བསྟི་སྟང་བྱས། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4463#UT22084-048-001-4463