Degé Kangyur volume 48, F.120.a

ཅིང་འབྲེལ་པར་འབྱུང་བའི་ཆོས་ལ་མཁས་པ་གསུངས་པ་དེ་ནི་ཅི་ཡང་མ་གསུངས་པའོ། །​ཤ་ར་དྭ་ཏིའི་བུ་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་སྡུས་ཤིག །​གང་གིས་ཡང་དག་པར་བསྡུ་བར་བྱ་ཞེ་ན། དོན་ཡང་དག་པར་བསྡུ་བས་ཡིན་གྱི་ཚིག་འབྲུ་ཡང་དག་པར་བསྡུ་བས་ནི་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱིས་པ་རྣམས་ནི་ཚིག་འབྲུའི་རྗེས་སུ་འབྲང་བ་ཡིན་གྱི། མཁས་པ་རྣམས་ནི་དོན་གྱི་རྗེས་སུ་འབྲང་བ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་ཚིག་འབྲུ་ཡང་གང་ཞེ་ན། ཤ་ར་དྭ་ཏིའི་བུ་ཡི་གེའི་གཞི་དང་། རྣམ་པར་རིག་བྱེད་ཀྱི་གཞི་དང་། མངོན་པར་བརྗོད་པའི་གཞི་འཇུག་པའི་ཚིག་བླ་དགས་ནི་ཚིག་འབྲུ་ཞེས་བྱ་སྟེ། ཤེས་བྱའམ། རྣམ་པར་ཤེས་བྱའམ། ཡོངས་སུ་ཤེས་བྱ་གང་ཅི་ཡང་རུང་སྟེ། མངོན་པར་བརྗོད་པ་དང་། ངེས་པར་བརྗོད་པ་དང་། གདགས་པ་དང་། རབ་ཏུ་བཞག་པ་དང་། རྗེས་སུ་འབྲང་བ་དང་། མངོན་པར་བརྟག་པ་དང་། ཀུན་དུ་བརྟག་པ་དང་། སོ་སོར་ཉེ་བར་བརྟག་པ་དང་། བཙལ་བ་དང་། ཆོས་ཡོངས་སུ་བཙལ་བ་དང་། ཆོས་གང་དག་དང་། གང་ལ་ཡོད་པའི་ཆོས་རྣམས་དང་། བརྡ་དང་། ཀུན་དུ་རྟོག་པ་དང་། ཉེ་བར་རྟོག་པ་དང་། སེམས་ཀྱི་མངོན་པར་ངེས་པར་བརྗོད་པ་དང་། སོམ་ཉི་དང་། ཡིད་གཉིས་དང་། རྣམ་པར་འགྱོད་པ་དང་། འཇུག་པ་དང་། གང་དག་གཞན་ཡང་ཆོས་ལ་ངེས་པར་རྟོག་པ་རྣམས་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་ཚིག་འབྲུ་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་དེ་ལ་དོན་གང་ཞེ་ན། གང་ཚིག་འབྲུ་དེའི་དོན་ཁོང་དུ་ཆུད་པ་སྟེ། དེ་ནི་དོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་བརྗོད་དུ་མེད་པ་ནི་དོན་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་འདི་དོན་ཞེས་བྱ་བ་ཇི་ལྟར་བྱིས་པ་རྣམས་ཀྱིས་བཟུང་བ་བཞིན་ཡིན་ན་ནི་ཚིག་འབྲུར་འགྱུར་གྱི་དོན་མ་ཡིན་པར་འགྱུར་རོ། །​ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་དོན་ནི་བརྗོད་དུ་མི་ནུས་པའོ། །​ཤ་ར་དྭ་ཏིའི་བུ་ང་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་སྨྲ་བར་མི་བྱེད་ཀྱི། འཇིག་རྟེན་ནི་ང་དང་ལྷན་ཅིག་ཏུ་སྨྲ་བར་བྱེད་དོ་ཞེས་བྱ་བ་དེ་ནི་ངས་ལྡེམ་པོར་དགོངས་ཏེ་གསུངས་པའོ། །​ཤ་ར་དྭ་ཏིའི་བུ་གང་དེ་བཞིན་གཤེགས་པས་མཁས་པ་གསུངས་པ་དེ་ནི་དེ་བཞིན་གཤེགས་པས་ཅི་ཡང་མ་གསུངས་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4255#UT22084-048-001-4255