ཤ་ར་དྭ་ཏིའི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་ཡོངས་སུ་ཚོལ་བ་ལ་རག་ལས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་གི་དོན་དུ་ཐེག་པ་ཡིས། །སེམས་ཅན་རྣམས་ལའང་སྙིང་རྗེ་ཉིད། །ཆོས་ལ་གུས་དང་བཅས་པ་ཡིས། །ཡེ་ཤེས་དེ་ཡི་ཕ་རོལ་འགྲོ། །སེམས་ཅན་རྣམས་ཀྱི་སེམས་ཤེས་དང་། །འཇིག་རྟེན་གསུམ་དུ་མི་གཡོས་པའི། །རྫུ་འཕྲུལ་རྟོག་པར་གང་འདོད་པས། །ཆོས་ལ་གུས་དང་བཅས་པར་བྱ། །ཆོས་ལ་གུས་དང་བཅས་བྱས་ནས། །རྟག་ཏུ་མཆོད་འོས་ཉིད་དུ་འགྱུར། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ཆོས་མཆོག་ལ་ཡང་རེག་པར་འགྱུར། །ཆོས་ལ་གུས་པར་བྱས་ནས་ནི། །དེ་ཡི་དྲན་པ་ཉམས་མི་འགྱུར། །སྐྱེ་བ་དེ་དང་དེ་ཀུན་དུ། །དེ་ཡི་དྲན་པ་རབ་ཏུ་འཕེལ། །ཆོས་དེ་ལ་ནི་གུས་བྱས་ན། །གཟུགས་ལས་ཉམས་པར་མི་འགྱུར་ཏེ། །ཡན་ལག་ཉིང་ལག་མཛེས་པ་དང་། །རྟག་ཏུ་ཚུལ་དུ་ཤིས་པར་འགྱུར། །རྟག་པར་འདྲེན་རྣམས་མཉེས་བྱེད་ཅིང་། །མཐོང་ན་དེ་ལ་དད་བྱེད་ལ། །སེམས་ཀྱི་འདུ་བྱེད་དད་པ་ཡིས། །འཇིག་རྟེན་འདྲེན་རྣམས་མཆོད་བྱེད་པ། །སྐྱེ་བ་དེ་དང་དེ་ཀུན་དུ། །དེ་ཡི་དད་པ་རབ་ཏུ་འཕེལ། །འདོད་པ་ངན་པ་རྟེན་མི་བྱེད། །སྤངས་ནས་མྱུར་དུ་རབ་ཏུ་འབྱུང་། །རྟག་ཏུ་ཚུལ་ཁྲིམས་ཕུང་པོ་ལའང་། །མཁས་པ་རབ་ཏུ་གནས་པར་འགྱུར། །ཚུལ་ཁྲིམས་ཀྱིས་ཀྱང་རློམ་སེམས་མེད། །དེ་ལ་ཏིང་འཛིན་ཚོལ་བར་བྱེད། །རྟག་ཏུ་མཉམ་པར་བཞག་པར་འགྱུར། །ཏིང་ངེ་འཛིན་ལའང་རློམ་སེམས་མེད། །འཇིག་རྟེན་ཀུན་གྱི་མཆོག་གང་ཡིན། །ཤེས་རབ་ལ་ཡང་ཕྱིར་ཞིང་སྟེན། །རྟག་ཏུའང་ཡེ་ཤེས་ལྡན་པར་འགྱུར། །ཡེ་ཤེས་ཀྱིས་ཀྱང་རློམ་སེམས་མེད། །ཡེ་ཤེས་དེ་ཡིས་མི་རློམ་ཞིང་། །དེ་ནི་སངས་རྒྱས་ཆོས་རྣམས་ཚོལ། །སངས་རྒྱས་ཀྱིས་ནི་བསྔགས་པའི་གཟུངས། །ཆོས་ཀྱི་སྣང་བ་ཐོབ་པར་འགྱུར། །ཆོས་ཀྱི་སྣོད་དུ་མཁྱེན་ནས་ཀྱང་། །སྟོན་པས་དེ་ལ་བྱིན་རློབ་མཛད། །ཆོས་སྨྲ་དེ་ནི་བྱིན་བརླབས་འགྱུར། །སྲོག་ཆགས་ཕན་ཕྱིར་ཆོས་སྟོན་ཅིང་། །ཐོགས་མེད་ཚིག་དང་སྤོབས་ལྡན་ཏེ། །སོ་སོ་རིག་ཐོབ་མཐུ་ཆེན་འགྱུར། །