Degé Kangyur volume 48, F.103.a

གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་སྟེ། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་ལྡན་ནམ། བདེ་བར་རེག་པ་ལ་གནས་སམ་ཞེས་དེ་བཞིན་གཤེགས་པ་རིན་པོ་ཆེའི་མཛོད་གཅིག་པ་སྙུན་གསོལ་ལགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྒྱུ་སྐར་གྱི་ཕྲེང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། འགྱུར་བ་མི་མངའ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སོགས་པ་སྐྱེ་བ་གཅིག་གིས་ཐོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་ལྷོ་ཕྱོགས་ནས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་ནུབ་ཕྱོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡུལ་མེད་རྡུལ་བྲལ་རྣམ་གྲོལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མ་ཆགས་པའི་གོ་ཆའི་སངས་རྒྱས་ཀྱི་ཞིང་ནས་དེ་དག་གི་དང་པོ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་མཐའ་ཡས་སངས་རྒྱས་ཀྱི་མེ་ཏོག་ཀུན་ཏུ་སྟོན་པའི་གོ་ཆ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་དཔག་ཏུ་མེད་པ་རྣམས་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4221#UT22084-048-001-4221