Degé Kangyur volume 48, F.103.b

གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། ཞེས་སྙུན་གསོལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་ཁྱོད་ཀྱིས་དོན་གྱི་དབང་ཅི་མཐོང་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་འདིར་མཆིས་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་བདག་ནི་འཇིག་རྟེན་གྱི་ཁམས་དེ་ཉིད་ན་མཆིས་ཀྱང་། འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འདི་སྙམ་དུ་བདག་ཅག་འཇིག་རྟེན་གྱི་ཁམས་གཞན་དུ་འདོང་བར་བྱའོ། །​དེ་བཞིན་གཤེགས་པ་གཞན་ཡང་བལྟ་བར་བྱའོ། །​སྙམ་དུ་མི་སེམས་ལགས་སོ། །​དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེ་དག་ཉིད་ན་མཆིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་ཐུགས་བསྐྱེད་པ་ཙམ་གྱིས་དེ་བཞིན་གཤེགས་པའི་མཐུས་བདག་འཇིག་རྟེན་གྱི་ཁམས་འདིར་མཆིས་ལགས་སོ། །​བྱང་ཆུབ་སེམས་དཔའ་གཞན་གང་དག་མཆི་བ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་མཐུས་མཆིས་ལགས་སོ། །​དེའི་ཚེ་ནུབ་ཕྱོགས་ནས་དེ་བཞིན་གཤེགས་པ་བདུད་རྩིའི་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་བདུད་རྩིའི་འོད་དང་། བཀོད་པ་དཔག་མེད་དང་། འོད་ཟེར་དཔག་མེད་དང་། འོད་དཔག་མེད་དང་། ཁྱུ་མཆོག་དཔག་མེད་དང་། རྣམ་པར་གནོན་པ་དཔག་མེད་དང་། རྒྱུ་སྐར་གཅིག་པ་དང་། རྒྱུ་སྐར་གྱི་ཕྲེང་བ་དང་། རིན་ཆེན་གདུགས་དང་། རྒྱུ་སྐར་རྒྱལ་པོ་དང་། འོད་ཀྱི་དཀྱིལ་འཁོར་ཅན་དང་། འོད་ཀྱི་རྒྱལ་པོ་དང་། འོད་ཟེར་མངོན་པར་འཕགས་པའི་དཔལ་དང་། འོད་ཟེར་མཐའ་ཡས་དང་། ཁྱུ་མཆོག་དང་། ཁྱུ་མཆོག་མཐའ་ཡས་རྣམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4222#UT22084-048-001-4222