Degé Kangyur volume 48, F.104.a

པར་གནོན་དང་། ཐོགས་པ་མེད་པའི་དབྱངས་དང་། སྤྲིན་ཆེན་འོད་ཟེར་དང་། དྲ་བ་ཅན་གྱི་འོད་ཟེར་དང་། སངས་རྒྱས་མེ་ཏོག་འོད་ཟེར་དང་། པད་མའི་ཁྱུ་མཆོག་མེ་ཏོག་དང་། རིའི་རྒྱལ་པོ་དང་། ཟླ་བའི་ཡོན་ཏན་བདག་པོ་དང་། འོད་ཟེར་རབ་ཏུ་བཏང་བ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། མཐོང་བ་དོན་ཡོད་དང་། རྩེ་མོ་མངོན་པར་འཕགས་པའི་རྒྱལ་པོ་དང་། པད་མའི་རྩེ་མོ་མངོན་པར་འཕགས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་དེ་དག་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་དག་ནས། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་ཏེ། ལྷགས་ནས་ཀྱང་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །​དེའི་ཚེ་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན་འཇིག་རྟེན་གྱི་ཁམས་རྒྱུ་སྐར་གྱི་ཕྲེང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དོན་ཡོད་མིང་སྒྲོགས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བར་ངེས་པའི་གོ་ཆ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་དེས་སྣང་བ་ཆེན་པོ་དེ་མཐོང་ཞིང་གསུང་བསལ་བའི་སྒྲ་དེ་ཡང་ཐོས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་མིང་སྒྲོགས་དེ་ལ་དེས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འོད་ཀུན་དུ་གདའ་བ་དང་། གསུང་བསལ་བའི་སྒྲ་གྲག་པ་དེ་དེ་བཞིན་གཤེགས་པ་གང་གི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བར་ངེས་པའི་གོ་ཆ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh101.html?part=UT22084-048-001-4223#UT22084-048-001-4223