Degé Kangyur volume 30, F.243.a

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། དམ་པ་མ་ཡིན་པའི་ཆོས་ཡོངས་སུ་འཛིན་པར་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །​ཀུན་དགའ་བོ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་ན། དེ་ལ་བདུད་སྡིག་ཅན་འདི་སྙམ་དུ་གང་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་པ་འདི་ནི་བདག་གི་གྲོགས་ཡིན་ཏེ། གང་དམ་པ་མ་ཡིན་པའི་ཆོས་ཀྱི་བསྔགས་པ་བརྗོད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོ་དག་གི་ནང་ནས་བདག་གི་གྲོགས་སུ་རྙེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཡིན་པ་དེ་དག་ཀྱང་། འདི་ལྟ་སྟེ། ས་གཉིས་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་དག་ལ་གནས་པར་འགྱུར་བས་ན། འདི་ནི་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་སོ། །​ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བུ་དག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པས་ན། ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་པ་དང་། བཤད་པ་དང་། གཟུང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱས་ཏེ། ཅི་རུང་ངས་ཀྱང་ད་དུང་འདིའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་པར་མི་འགྱུར་ཞེས་ཟེར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡང་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །​ཀུན་དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་གཞན་དག་ལ་རློམ་སེམས་སུ་བྱེད་དོ། ཁོ་བོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་གྱི། ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །​དེ་བཞིན་དུ་སྦྱར་ཏེ། ཁོ་བོ་ནི་ཤེས་རབ་ཀྱི་ཕ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12463#UT22084-029-001-12463