Degé Kangyur volume 2, F.240.a

གཅིག་གིས་སྨྲས་པ། ལྷ་བདག་གི་དཔང་དྲང་སྲོང་ལགས་སོ། །​ཅིག་ཤོས་ཀྱིས་སྨྲས་པ། བདག་གི་དཔང་ཡང་དེ་ཁོ་ན་ལགས་སོ། །​དེ་ནས་རྒྱལ་པོས་དྲང་སྲོང་བོས་ཏེ་དྲིས་པ། དྲང་སྲོང་ཆེན་པོ་འདི་གཉིས་སྔར་གང་གི་ཉེས། དྲང་སྲོང་གིས་སྨྲས་པ། ལྷ་གལ་ཏེ་འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་ཀྱིས་ཞལ་ཆེ་བཅད་ན། དེ་ལྟ་ན་བདག་གིས་དཔང་བགྱིའི་གཞན་དུ་ནི་མ་ལགས་སོ། །​རྒྱལ་པོས་སྨྲས་པ་དེ་བཞིན་དུ་བྱའོ། །​དེ་ནས་དྲང་སྲོང་གིས་སྨྲས་པ། ལྷ་གཅིག་ཁྲོས་པ་དང་ཅིག་ཤོས་ཀྱང་སླར་ཁྲོས་སོ། །​གཅིག་གིས་བརྒྱབ་པ་དང་ཅིག་ཤོས་ཀྱིས་ཀྱང་སླར་བརྒྱབ་བོ། །​རྒྱལ་པོས་སྨྲས་པ། འོ་ན་གཉིས་ཀ་ཆད་པས་གཅད་དོ། །​དྲང་སྲོང་གིས་སྨྲས་པ། ལྷ་ཁྱོད་ལ་བདག་གིས་སླར་ལྷ་གལ་ཏེ་འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་ཀྱིས་ཞལ་ཆེ་བཅད་ན་དེ་ལྟ་ན་བདག་གིས་དབང་བགྱིའི་གཞན་དུ་ན་མ་ལགས་སོ་ཞེས་མ་གསོལ་ཏམ། རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་འཁོར་ལོས་སྒྱུར་བའི་ཞལ་ཆེ་ཇི་ལྟར་གཅོད། དྲང་སྲོང་གིས་སྨྲས་པ། ལྷ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་གནོད་པ་ལས་ཟློག་ཅིང་ཕན་པ་ལ་སྦྱོར་བར་བགྱིད་དོ། །​དེ་ནས་རྒྱལ་པོས་སྨྲས་པ། གཉིས་ཀ་དེང་ལ་ད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །​རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་གང་གི་ཆོས་བཞིན་གྱིས་དཔང་དེ་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ནས་ང་ཉིད་ཀྱི་ཆོས་བཞིན་གྱིས་དཔང་དེ་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །​རྒྱལ་པོ་ཆེན་པོ་ངས་ཆོས་བཞིན་གྱི་དཔང་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་སོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ཆོས་བཞིན་གྱིས་དཔང་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་ཚོགས་ཙམ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །​རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་མ་ངེས་པའི་ཕུང་པོ་ལ་གནས་པ་ན་རང་གི་སྲོག་ཡོངས་སུ་བཏང་ནས་སེམས་ཅན་མང་པོ་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8374#UT22084-001-006-8374