Degé Kangyur volume 2, F.166.a

དེའི་མིང་ནས་བརྗོད་ཅིང་ཡོན་བསྔོ་བ་མཛད་དོ། །​དེ་བཞིན་དུ་ཉི་མ་དྲུག་གི་བར་དུ་མཛད་པ་དང་། ཉི་མ་དྲུག་པ་ལ་རྒྱལ་པོ་ལག་པ་ལ་འགྲམ་པ་གཏད་ནས། བཅོམ་ལྡན་འདས་ནི་བདག་གི་བསོད་སྙོམས་ལོངས་སྤྱད་ཅིང་ཡོན་བསྔོ་བ་ནི་མུ་ལྟོ་བའི་མིང་ནས་བརྗོད་ནས་མཛད་དོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་བློན་པོ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་དེ་ཐུགས་མི་དགྱེས་ཤིང་བཞུགས། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ད་ལྟར་བཅོམ་ལྡན་འདས་ནི་ངའི་བསོད་སྙོམས་ཡོངས་སུ་ལོངས་སྤྱད་ན་ཡོན་བཤད་པ་ནི་མུ་ལྟོ་བའི་མིང་ནས་བརྗོད་ཅིང་མཛད་ན། ཅི་སྟེ་སེམས་ཁོང་དུ་ཆུད་ཅིང་མི་འདུག །​དེ་ནས་བློན་པོ་རྒན་པོ་ཞིག་གིས་སྨྲས་པ། ལྷ་ཐུགས་ཁྲལ་ཆུང་ངུར་བཞུགས་ཤིག་དང་བདག་གིས་སང་ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ལྷ་ཁོ་ནའི་མཚན་ནས་བརྗོད་དེ་ཡོན་བསྔོ་བ་མཛད་པ་དེ་ལྟར་བགྱིའོ། །​དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཁྱེད་ཀྱིས་སང་ཁ་ཟས་ཆེས་བསོད་པ་དང་རབ་ཏུ་མང་པོ་སྟ་གོན་གྱིས་ལ་བྲིམ་པ་ཡང་འདི་ལྟར་ཅི་ནས་ཀྱང་ཕྱེད་ནི་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འགྲོ་ལ། ཕྱེད་ནི་ས་ལ་འབོ་བར་གྱིས་ཤིག །​དེ་དག་གིས་ཕྱི་དེ་ཉིན་ཁ་ཟས་ཆེས་བསོད་པ་དང་། ཆེས་རབ་ཏུ་མང་བ་བཤམས་ཏེ། དེ་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལེགས་པར་བཞུགས་པར་རིག་ནས་བྲིམ་པར་བརྩམས་ཏེ། ཕྱེད་ནི་དགེ་སློང་རྣམས་ཀྱི་ལྷུང་བཟེད་དུ་བླུགས། ཕྱེད་ནི་ས་ལ་ཕོའོ། །​དེ་ནས་མུ་ལྟོ་བས་ས་ལ་ཕོ་བ་རྣམས་བསྡུ་བའི་ཕྱིར་བརྒྱུགས་པ་དང་དེ་ཕྱག་ཚང་འབྲིམ་པ་དག་གིས་སླར་བསྐྲད་དོ། །​དེ་ནས་མུ་ལྟོ་བ་དེས་སྨྲས་པ། གལ་ཏེ་རྒྱལ་པོ་འདི་ལ་ནོར་རྫས་རབ་ཏུ་མང་པོ་ཡོད་ན་བདག་ཅག་ལྟ་བུ་སྡུག་བསྔལ་བ་སློང་བ་གང་ཡིན་པ་དེ་དག་ལ་ཅིའི་ཕྱིར་མི་སྦྱིན། ཁ་ཟས་འདི་བོར་བ་ཅི་ཕན་ཞེས་མུ་ལྟོ་བ་དེ་སེམས་འཁྲུགས་པས་སྔོན་གྱི་ཇི་ལྟ་བ་དེ་ལྟར་སེམས་དད་པར་བྱ་མ་ནུས་སོ། །​དེ་ནས་རྒྱལ་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་རྣམས་གདུགས་ཚོད་གསོལ་ཟིན་པ་དང་། བཅོམ་ལྡན་འདས་བདག་གི་མིང་ནས་སྨོས་ཏེ་ཡོན་བསྔོ་བ་ནི་མི་མཛད་དོ་སྙམ་དུ་བསམས་ནས་ཡོན་བསྔོ་བ་མ་མཉན་པ་ཁོ་ནར་ཁྱིམ་དུ་སོང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8226#UT22084-001-006-8226