Degé Kangyur volume 1, F.285.b

གཡོ་བ་དང་། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་དུ་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་སྟེའུ་དང་ཙན་དན་དུ་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །​སྐབས་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་མཁྱེན་པའམ། མི་གཟིགས་པའམ། ཐུགས་སུ་མི་ཆུད་པའམ། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའོ། །​དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས་ལྷུང་བཟེད་དང་། ཆོས་གོས་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ་ཁྱིམ་བདག་སྡེ་ཆེན་གྱི་ཁྱིམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །​བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྡེ་ཆེན་ལ་བཀའ་སྩལ་པ། ཁྱིམ་བདག་ཁྱིམ་བདག་གི་ཆུང་མ་སྡེ་ཆེན་མ་མི་སྣང་ན་ག་རེ། བཅོམ་ལྡན་འདས་སྤྱོད་ལམ་རྔོ་མི་ཐོག་པས་ཕུགས་ན་མཆིས་སོ། །​སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་བདག་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་གང་གིས་ན་རྨ་དེ་མདོག་འདྲ་བ་དང་། པགས་པ་འདྲ་བ་དང་། བ་སྤུ་འདྲ་བར་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་སོ། །​དེ་ནས་ཁྱིམ་བདག་སྡེ་ཆེན་གྱི་ཆུང་མ་དད་པ་སྐྱེས་ཏེ་སྒོར་བྱུང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-7845#UT22084-001-006-7845