Degé Kangyur volume 90, F.116.a

ཕྱིར་རྒོལ་བ་བཅོམ་པ་དང་། དགྲ་ཆོམས་པར་འགྱུར་རོ། །​རྨས་པ་མེད་པར་འགྱུར་རོ། །​འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །​བདེ་བར་ཡུན་རིང་དུ་འཚོ་བར་འགྱུར་ཏེ། ཀུན་དགའ་བོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཧ་ཅང་ཆར་ཆེ་བའམ། ཆར་དཀོན་པའི་ཚེ་བཀླག་པར་བྱའོ། །​དེས་ནི་ཀླུ་ཐམས་ཅད་སྤྲོ་བར་འགྱུར་ཏེ། ཆར་ཆེན་པོ་ནི་གཅོད་པར་བྱེད། ཆར་དཀོན་པའི་ཚེ་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསམ་པ་ཅི་སྲིད་པར་ཆར་འབེབས་པར་འགྱུར་རོ། །​ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་དྲན་པས་ཀྱང་འཇིགས་པ་དང་དགྲ་ཐམས་ཅད་ཞི་བར་འགྱུར་ན་སུས་དུམ་བུར་མ་གྱུར་ཅིང་རྫོགས་པར་འཆང་བའམ། བདེ་ལེགས་སུ་འགྱུར་བ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཟུང་ཤིག །​འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དགྲ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་འདི་ཀུན་ཆུབ་པར་གྱིས་ཤིག །​ཆོངས་ཤིག །​ལྷོགས་ཤིག །​ཏདྱ་ཐཱ། ཡཱ་བ་ཏི། དྷཱ་བ་ཏི། དྷ་ར་ཀི་ལ། ཧུ་ལུ། ཧུ་ལུ་མེ་སྭཱ་ཧཱ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །​དེ་དག་འཇིག་རྟེན་དུག་གསུམ་སྟེ། །​སངས་རྒྱས་བཅོམ་ལྡན་དུག་མེད་པ། །​སངས་རྒྱས་བདེན་པས་དུག་བཅོམ་མོ། །​འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །​དེ་དག་འཇིག་རྟེན་དུག་གསུམ་སྟེ། །​བཅོམ་ལྡན་ཆོས་ནི་དུག་མེད་པ། །​ཆོས་ཀྱི་བདེན་པས་དུག་བཅོམ་མོ། །​འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །​དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མེད་པ། །​དགེ་འདུན་བདེན་པས་དུག་བཅོམ་མོ། །​སངས་རྒྱས་ཀུན་གྱི་སྟོབས་གང་དང་། །​དགྲ་བཅོམ་རྣམས་ཀྱི་གྲགས་གང་དང་། །​དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས། །​ངས་ནི་བདེ་ལེགས་འགྱུར་བར་བྱས། །​ཀུན་དགའ་བོ་རིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1804#UT22084-090-003-1804