Degé Kangyur volume 90, F.116.b

སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །​དགེ་སློང་ས་རི་བདེ་ལེགས་སུ་གྱུར་ཅིག །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། དགེ་སློང་ས་རི་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་དགེ་སློང་ས་རི་ལ་ཆད་པ་སྤང་བར་བྱས་ཏེ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བ་བྱས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་བསྲུང་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པས་ཚེ་དང་ལྡན་པ་དགེ་སློང་ས་རི་ནད་དེ་ལས་སོས་སོ། །​དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་དགེ་སློང་ས་རི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཅི་ལྟར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ་ཕྱོགས་གཅིག་ཏུ་འཁོད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིའི་མཐུ་མཐོང་ངམ། ཀུན་དགའ་བོས་བཅོམ་ལྡན་འདས་དེ་བཞིན་དུ་གསུང་བ་དེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཅིའི་སླད་དུ་མ་འཚལ། བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་རྒྱ་མཚོ་ཆེན་པོ་བཞི་ནི་སྐམ་ཡང་སྲིད། ས་ནི་ནམ་མཁའ་ལ་འཕགས་ཀྱང་སྲིད། ཟླ་བ་དང་ཉི་མ་ནི་ས་ལ་ལྟུང་ཡང་སྲིད། ཀླུང་ནི་རྒྱུན་ལས་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་རིག་སྔགས་ཀྱི་རྒྱལ་མོ་རྨ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1805#UT22084-090-003-1805