Degé Kangyur volume 90, F.115.b

འགལ་བར་བྱ་བ་མ་ཡིན་པའོ། །​ནད་ཐམས་ཅད་དང་། དུག་ཐམས་ཅད་དང་། སྡང་བ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། ཡམས་ཀྱི་ནད་ཐམས་ཅད་དང་། འཐབ་པ་དང་། རྩོད་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །​ཀུན་དགའ་བོ་གང་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལས་འགལ་བར་བྱས་ན་ལག་ན་རྡོ་རྗེས་དེའི་མགོ་བོ་ཚལ་པ་བདུན་དུ་འགེམས་པར་འགྱུར་རོ། །​སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་དེའི་སྣང་བ་མ་རུངས་པར་འགྱུར་རོ། །​སེམས་མ་རུངས་པར་འགྱུར་རོ། །​འཕགས་པའི་གང་ཟག་རྣམས་བསླུས་པར་འགྱུར་རོ། །​རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་གཤུར་ཞེས་བྱ་བ་ལ་ཐུག་གི་བར་གྱི་གསང་སྔགས་རྣམས་ཀྱིས་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་པར་འགྱུར་རོ། །​ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་ཏེ། རྡོ་རྗེས་དེའི་མགོ་འགེམས་པར་འགྱུར་རོ། །​ཚངས་པའི་གཟི་བརྗིད་ཀྱིས་ཀྱང་དེའི་འབྱོར་པ་ཐལ་བར་རློག་པར་འགྱུར་རོ། །ཀུན་དགའ་བོ་སུ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བསྲུང་བ་བྱས་སམ། སྐུད་པ་བཏགས་ན་དེ་བསད་པའི་རིགས་པ་ནི་ཆད་པས་བྲལ་བར་འགྱུར་རོ། །​ཆད་པས་བཅད་པའི་རིགས་པ་ནི་གཞུ་བཙོག་པས་སོ། །​གཞུ་བཙོག་པའི་རིགས་པ་ནི་སྤྱོ་བས་སོ། །​སྤྱོ་བའི་རིགས་པ་ནི་དམ་བཅའ་བས་སོ། །​དམ་བཅའ་བའི་རིགས་པ་ནི་སྤུ་ཟིང་ཞེས་བྱ་བས་སོ། །​སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི་དེ་བཞིན་དུ་ཐར་བར་འགྱུར་རོ། །​དེ་ལ་རྒྱལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་། མེའི་འཇིགས་པ་མི་འབྱུང་ངོ་། །​ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །​དེའི་ལུས་ལ་དུག་གིས་མི་ཚུགས་ཏེ། མཚོན་གྱིས་ཀྱང་མ་ཡིན་ནོ། །​བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་རོ། །​བདེ་བ་དང་། གནོད་པ་མེད་པ་དང་། འཇིགས་པ་མེད་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh559.html?part=UT22084-090-003-1803#UT22084-090-003-1803