Degé Kangyur volume 47, F.273.b

བྱང་ཆུབ་ཞི་བ་ཡོངས་སུ་སྤངས། །​བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །​བདག་ཅག་གོ་ཆ་འདི་ཡང་བགོ། །​བསྐལ་པ་དག་ནི་གྲངས་མེད་པར། །​བདག་ཅག་གོ་ནི་བགོ་བར་བྱ། །​བར་སྣང་ལ་ནི་མངོན་སུམ་དུ། །​སྙིང་བརྩེ་ལྡན་ཞིང་དོན་འདོད་པ། །​སྔོན་གྱི་རྒྱལ་བ་དྲན་པ་ཡི། །​བདག་གི་དྲུང་ན་ལྷ་འཁོད་པ། །སངས་རྒྱས་ཆོས་ནི་ཉམས་དགའ་དང་། །​ཅི་ཕྱིར་ཁྱེད་ཅག་འཇུག་མི་བྱེད། །​ཁྱེད་ཅག་གིས་ནི་ཅི་ཕྱིར་སྤངས། །​རིག་བྱེད་ཤེས་ལ་དེ་སྨྲས་པ། །​སེམས་ཅན་རྣམས་ནི་ཐར་བའི་ཕྱིར། །​བསྐལ་པ་བྱེ་བ་དཔག་མེད་ཅིང་། །​བསྐལ་པ་དག་ནི་གྲངས་མེད་པར། །​གོ་འདི་གང་ཡིན་བགོ་བར་བྱ། །སངས་རྒྱས་དག་ནི་ཆོས་ཀྱི་ཕྱིར། །​བདག་གིས་ལུས་དང་སྲོག་ལ་ཡང་། །​ལྟོས་པ་མེད་པར་བྱས་ནས་སུ། །​བདག་གིས་བརྩོན་འགྲུས་བརྩམ་པར་བྱ། །​འཇིག་རྟེན་འདི་ནི་མུན་པ་དང་། །​མུན་ནག་ཐིབས་པོས་ཁེབས་པ་ཡིན། །​སངས་རྒྱས་དག་གི་ཆོས་ཀྱི་རྒྱུས། །​སྣང་བ་དག་ནི་རབ་ཏུ་བྱ། །​བདག་ཅག་བདག་ཉིད་བྱང་ཆུབ་ཏུ། །​སངས་རྒྱས་སྤྱོད་ཡུལ་རྟོགས་བགྱིས་ནས། །​སྲོག་ཆགས་བདུད་ཀྱི་སྤྱོད་ཡུལ་གྱི། །​ལམ་དུ་ཞུགས་པ་བདག་གིས་དགྲོལ། །​མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་ཏོ། །​སྲོག་ཆགས་ཁྲི་ཕྲག་དཔག་ཏུ་མེད་པ་དག་ངའི་སྣང་བས་རེག་པས་ཕྱིར་མི་ལྡོག་པ་ཉིད་ལ་རབ་ཏུ་བཙུད་དོ། །​མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སྣང་བ་ལ་ལྷག་པར་མོས་པར་བྱའོ། །​མཽད་གལ་གྱི་བུ་ངས་མ་རིག་པའི་ཟག་པ་ཤེས་པ་ཀུན་འབྱུང་བ་ཤེས་པར་བྱ་བའི་དོན་དུ་ཞེས་བྱ་བ་ནས། བདག་གིས་ཇི་ལྟར་བྱ་སྙམ་པའི་བར་སྔ་མ་བཞིན་དུ་སྦྱར་རོ། །​མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པ་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དྲང་སྲོང་ལམ་དཀར་པོ་ལ་གནས་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་གཟི་བརྗིད་ཆེ་ལ་མཐུ་ཆེ་བ། ཕྱི་རོལ་གྱི་ལམ་གྱིས་འདོད་ཆགས་དང་བྲལ་བ། དགེ་བའི་ཆོས་ཐམས་ཅད་དང་མཚུངས་པའི་ཏིང་ངེ་འཛིན་དང་ལྡན་པ་ཞིག་བྱུང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-3096#UT22084-047-001-3096