Degé Kangyur volume 47, F.235.a

དར་ལ་བབ་པ་ནི་རྒས་པར་འགྱུར། གཞོན་ནུ་ནི་བར་མར་འགྱུར། བར་མ་ནི་རྒས་པར་འགྱུར། རྒས་པ་ཡང་འགུམ་པར་གདའ་ལགས་ཏེ། དེ་ལྟ་ལགས་པས་དངོས་པོ་ཐམས་ཅད་ལ་ངེས་པར་མ་མཆིས་ལགས་སོ། །​དེ་ནས་རྒྱལ་པོ་དངོས་པོར་འཛིན་པ་དེ། བློན་པོ་དེས་གཞི་དེ་འདོར་དུ་བཅུག་གོ། །​དེས་བློན་པོ་དེ་ལ་སྨྲས་པ། གྲོང་གི་གཙོ་བོ་ལེགས་སོ་ལེགས་སོ། །​ཤེས་པ་འདི་རྟོགས་པར་བྱ་བའི་ཕྱིར་འབད་པར་བྱའོ། །​མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་པ་དེ་གཞན་ཡིན་པར་སེམས་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་བློན་པོ་ཆོས་སྤྱོད་ཅེས་བྱ་བར་གྱུར་ཏོ། །​མཽད་གལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དངོས་པོ་ཐམས་ཅད་ལ་ངེས་པ་མེད་པར་བྱ། བརྩོན་འགྲུས་ཀྱི་སྟོབས་ཀྱི་རིམ་པ་རྟོགས་པས་བྱ་བ་ལ་ལྕི་བ་དང་ཡང་བར་འགྱུར་རོ། །​མཽད་གལ་གྱི་བུ་ངས་རིམ་པ་ཤེས་པར་བྱ་བའི་དོན་དུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། རིམ་པ་ཤེས་པས་སེམས་ཅན་རྣམས་ལ་ཇི་ལྟར་ཡང་དག་པར་རབ་ཏུ་བསྟན་པར་བྱ། བདག་གིས་སེམས་ཅན་དག་རིམ་པ་ཤེས་པ་ལ་ཇི་ལྟར་རབ་ཏུ་དགོད། དགེ་བ་དང་མི་དགེ་བའི་ཆོས་ཀྱི་ཁྱད་པར་དག་ལ་མཁས་པ་དང་། ཡེ་ཤེས་ཀྱི་ཁྱད་པར་དག་ལ་མཁས་པར་གྱུར་སྙམ་ནས། དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་དུ་མ་དག་མངོན་པར་འདུས་བྱས་སོ། །​མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ནས། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་ཐོབ་ནས་བག་ཡོད་པས་རྒྱལ་སྲིད་བྱེད་དོ། །​དེའི་བཙུན་མོ་བུད་མེད་ཁྲི་ཕྲག་བརྒྱད་བྱུང་སྟེ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ། མཆོག་དང་ལྡན་པ། སྔར་ལྡང་ཞིང་ཕྱིས་ཉལ་བ། དེ་དག་གི་གཟུགས་ནི་ལྷ་མོ་དང་འདྲ། ཡོན་ཏན་ནི་འདོད་ཆགས་དང་བྲལ་བ་དང་འདྲའོ། །​དེ་ནས་རྒྱལ་པོ་ཀུན་ཏུ་གོ་བྱེད་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་གི་དབུས་སུ་འདུག་ནས་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-3019#UT22084-047-001-3019