Degé Kangyur volume 47, F.2.a

ཁང་བཟངས་ཙན་དན་གྱི་ཁྱམས་དང་ལྡན་པ་ཞིག་རིང་པོར་མ་ཐོགས་པར་བྱས་ཏེ། རིང་པོར་མ་ཐོགས་པར་ཟིན་ནོ། །​དེ་ནས་ཁྱིམ་བདག་ཕྱྭ་མཁན་གྱིས་ཚེ་དང་ལྡན་པ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །​གང་པོ་ཁང་བཟངས་ཙན་དན་གྱི་ཁྱམས་དང་ལྡན་པ་འདི་ནི་བཅོམ་ལྡན་འདས་ཁོ་ནའི་ཕྱིར་བྱས། བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཏེ། བཅོམ་ལྡན་འདས་ཀྱི་ཆེད་དུ་བྱས་པ་ཡིན་ན། གཞན་སུ་ཞིག་ཁང་བཟངས་ཙན་དན་གྱི་ཁྱམས་དང་ལྡན་པ་འདི་ལོངས་སྤྱོད་པར་བྱེད་ཀྱིས། ཅི་ནས་བདག་གི་སྦྱིན་པ་འདི་འབྲས་བུ་ཆེ་བར་འགྱུར་བ་དང་། ཅི་ནས་བདག་གི་འབད་པ་འདི་དོན་ཡོད་པར་འགྱུར་བ་དང་། ཅི་ནས་བདག་གི་སྦྱིན་པ་འདི་ལོངས་སྤྱོད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པ་འདི་བཏང་བ་དང་། ལོངས་སྤྱོད་ན་ཤིན་ཏུ་དགའ་བ་དང་། རབ་ཏུ་དགའ་བ་མང་བར་འགྱུར་རོ། །​དེ་སྐད་ཅེས་སྨྲས་པ་དང་། ལག་གི་བླ་ཚེ་དང་ལྡན་པ་གང་པོས་ཁྱིམ་བདག་ཕྱྭ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །​ཁྱིམ་བདག་ཁང་བཟངས་ཙན་དན་གྱི་ཁྱམས་དང་ལྡན་པ་དེ། བཅོམ་ལྡན་འདས་ཁོ་ནའི་ཕྱིར་བྱས། བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཏེ། བཅོམ་ལྡན་འདས་ཁོ་ནའི་ཆེད་དུ་བྱས་པ་འདི། དགེ་སྦྱོང་ངམ། བྲམ་ཟེ་གང་གིས་ཀྱང་ལོངས་སྤྱད་པར་ནུས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དེ་བཞིན་གཤེགས་པའི་ལྷུང་བཟེད་དམ། ཆོས་གོས་སམ། གདིང་བའམ། བགོ་བའམ། ཀུན་དགའ་ར་བའམ། འཆག་སའམ། སྟན་ནམ། གཙུག་ལག་ཁང་དེ་དག་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་མཆོད་རྟེན་དུ་གྱུར་པ་ཡིན་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh99.html?part=UT22084-047-001-2553#UT22084-047-001-2553