Degé Kangyur volume 46, F.181.a

མི་དགྱེས། །​མི་གང་ལགས་པ་བཀའ་སྩོལ་དང་། །​འདོད་ཆགས་ཞགས་པས་དེ་བཅིངས་ནས། །​གླང་པོ་བཞིན་དུ་དགུག་པར་བགྱི། །​བཀུག་ནས་དེ་ནི་མྱུར་དུ་ཡང་། །​ཁྱོད་ཀྱི་དབང་དུ་འགྱུར་བར་བགྱི། །​དེ་ལ་ཐུགས་ངན་འོ་བརྒྱལ་འོར། །​དགྱེས་པ་རྒྱ་ཆེན་བརྙེས་པར་འགྱུར། །​བདུད་ཀྱིས་སྨྲས་པ། འཇིག་རྟེན་དགྲ་བཅོམ་བདེ་བར་གཤེགས། །​འདོད་ཆགས་དབང་དུ་དེ་མི་འགྲོ། །​ང་ཡི་ཡུལ་ལས་ཤིན་ཏུ་འདས། །​དེ་བས་ང་ནི་མྱ་ངན་ཆེ། །​དེ་ནས་དེ་དག་གིས་དེ་བཞིན་གཤེགས་པའི་མཐུ་བྱང་ཆུབ་སེམས་དཔའི་མཛད་པ་སྔ་ནས་ཀྱང་ཤེས་མོད་ཀྱི། བུད་མེད་ཀྱིས་མི་བརྟན་པས་ཕའི་ཚིག་མ་མཉན་ཏེ། བུ་ཅིག་བཙས་ཙམ་གྱི་ན་ཚོད་ཀྱིས་དར་ལ་བབ་པར་སྒྱུར་ནས། མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར། དེ་བཞིན་གཤེགས་པའི་གན་དུ་དོང་བ་དང་། དེ་བཞིན་གཤེགས་པས་དེ་དག་ཡིད་ལ་མ་མཛད་པར་དེ་དག་རྒ་བས་འཁོགས་པར་བྱིན་གྱིས་བརླབས་སོ། །​དེ་ནས་དེ་དག་ཕའི་གན་དུ་སོང་སྟེ། །​འདི་སྐད་ཅེས་སྨྲས་སོ། །​དེ་ནི་ཆགས་པས་མི་བཀྲི་སྟེ། །​ང་ཡི་ཡུལ་ལས་ཤིན་ཏུ་འདས། །​དེ་བས་མྱ་ངན་ང་ཆེ་ཞེས། །​ཡབ་ཀྱིས་བདག་ཅག་གསུངས་པ་མད། །​གཽ་ཏ་མ་ནི་བརླག་པའི་ཕྱིར། །​བདག་ཅག་རྣམས་ཀྱིས་གང་སྤྲུལ་པ། །​གཟུགས་ལ་གལ་ཏེ་དེ་ལྟ་ན། །​དེ་ཡི་དེ་སྙིང་འགས་པར་འགྱུར། །​ཡབ་བདག་ཅག་གི་ལུས་རྒ་བས་འཁོགས་པ་འདི་མ་མཆིས་པར་མཛད་དུ་གསོལ། །​བདུད་ཀྱིས་སྨྲས་པ། གང་ཞིག་སངས་རྒྱས་བྱིན་གྱིས་བརླབས་ནི་གཞན་དུ་སྒྱུར་བར་བྱེད་ནུས་པ། །​རྒྱུ་དང་མི་རྒྱུ་དག་གི་འཇིག་རྟེན་དག་ན་མི་དེ་ངས་མ་མཐོང་། །​མྱུར་དུ་སོང་སྟེ་ཐུབ་པ་དེ་ལས་རང་བྱས་ཉེས་པ་ཤོགས་ཤིག་དང་། །​དེ་ནི་ཁྱོད་ཀྱིས་བསམ་པ་བཞིན་དུ་སྔོན་གྱི་ལུས་སུ་སྒྱུར་བར་འགྱུར། དེ་ནས་དེ་དག་དོང་སྟེ་བདག་ཅག་གིས་བཅོམ་ལྡན་འདས་ལ་སྐུ་བརྙས་བགྱི་བར་བསམས་པས། བཅོམ་ལྡན་འདས་ཇི་ལྟར་བྱིས་པ་རྣམས་དང་། ཇི་ལྟར་གླེན་པ་རྣམས་དང་། ཇི་ལྟར་མི་གསལ་བ་མི་མཁས་ཤིང་མ་འཚལ་བ་རྣམས་ལྟར་བདག་ཅག་ནོངས་པ་ཅན་དུ་གཟུང་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་ནོངས་པ་ཅན་དུ་གཟུང་དུ་གསོལ། ཞེས་དེ་བཞིན་གཤེགས་པ་ལ་བཟོད་པར་གསོལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh95.html?part=UT22084-046-001-4421#UT22084-046-001-4421