Degé Kangyur volume 102, F.43.b
།ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ནི་གནོད་པ་དང་། །མྱ་ངན་ངལ་ལས་གནོད་པ་དང་། །འཇིགས་པ་དང་ནི་འཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱད་པ་གསང་སྔགས་དང་བཅས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།
Previous The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh949.html?part=UT22084-095-005-137#UT22084-095-005-137