Degé Kangyur volume 44, F.289.b

མེ་ཏོག་པད་མ་ལྟ་བུར་འགྱུར། དེའི་ཁ་ནས་དྲི་ཞིམ་པོ་འབྱུང་བར་འགྱུར། དེ་ལ་མེ་ཏོག་སྣ་ཚོགས་དྲི་དང་ལྡན་པའི་རླུང་རྗེས་སུ་འཐུན་པ་ལྡང་བར་འགྱུར། དེ་ཤི་ནས་ཀྱང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་ན་ཕ་མ་འདུས་ནས་སྐྱེད་མོས་ཚལ་ན་རྩེ་ཞིང་འདོད་པ་མྱོང་བས་རྒྱགས་དྲེགས་ནས་ལག་པ་གཡས་པས་ལྷ་མོའི་ལྟེ་བ་ལ་རེག་པར་མཐོང་ནས། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་ལྷ་མོ་དེའི་པང་པར་སྐྱེ་བ་ཡོངས་སུ་འཛིན་ཏོ། །​དེ་ཞག་བདུན་འདས་ནས་དྲི་མ་མེད་པའི་རྣ་ཆ་འགུལ་བའི་མགོ་དང་ལྡན་པའི་གཞོན་ནུར་མངོན་པར་འགྲུབ་སྟེ། དགོད་པ་དང་། གར་བྱེད་པ་དང་། གླུ་ལེན་པ་དང་། འདོད་པའི་ལོངས་སྤྱོད་སྐྱེད་ནུས་སོ། །​དྲང་སྲོང་ཆེན་པོ་དེ་ལ་རྒྱལ་ཆེན་བཞིའི་ལྷའི་རིས་ཀྱིས་ཕྱོགས་ནི་དངུལ་དང་ལྡོང་རོས་རྣམ་པར་བཀྲ་བ་སྣ་ཚོགས་ཀྱིས་སྤྲས་ཤིང་མཛེས་པར་བྱས་པ། ལྷ་མོ་བརྒྱ་སྟོང་གིས་ལེགས་པར་བརྒྱན་པ། ལྷའི་གནས་མཐོ་བ། རང་བཞིན་གྱིས་མཛེས་པ། རེག་ན་བདེ་བའི་རླུང་ལྡང་བའོ། །​དྲང་སྲོང་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་དག་གི་སྐྱེད་མོས་ཚལ་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གྲུ་བཞི་ལྷམ་པ། ནོར་བུའི་སྒྲོན་མས་སྣང་བར་བྱས་པ། ཤིང་གི་ཡལ་ག་དང་རྩེ་མོ་ལ་དཔག་བསམ་གྱི་ཤིང་གི་རས་བཅོས་བུ་དང་། རྒྱ་དར་ལའི་ལྡ་ལྡི་སྤྱངས་པ། ནགས་ཚལ་གྱི་བར་འཇམ་ཞིང་ཡིད་དུ་འོང་བ། ཁྱིམ་གྱི་བར་ན་རྟག་ཏུ་པི་བང་དང་། གླིང་བུ་དང་། རྫ་རྔ་དང་། ཁར་རྔའི་སྒྲ་འབྱུང་བའོ། །​དྲང་སྲོང་ཆེན་པོ་ལྷའི་གནས་ན་གནས་པ་དེ་དག་ཟས་ཁམ་གྱི་ཟ་བ་ཅན་ཏེ། དྲི་རབ་ཏུ་ཞིམ་པའི་དྲི་དང་། ཁ་དོག་དང་། རོ་དང་། རེག་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པར་རིག་པར་བྱའོ། །​དེ་དག་རེ་རེ་ལ་ཡང་གསེར་གཞོང་གཉིས་གཉིས་ཡོད་དེ་དེ་ན་གང་ཟས་གང་འདོད་པ་དེ་ནི་དེའི་ཕུན་སུམ་ཚོགས་པར་གཞོང་པ་དེ་ལས་འགྲུབ་པར་འགྱུར་རོ། །​ལྷའི་མེ་ཏོག་གི་ཁུ་བ་རོ་དང་ལྡན་པ་མངོན་པར་འགྲུབ་སྟེ། དེ་ནི་མེ་ཏོག་གི་ཆང་ཞེས་བྱའོ། །​དྲང་སྲོང་ཆེན་པོ་ཆང་དེ་ནི་དྲི་རབ་ཏུ་ཞིམ་པ། མཆོག་ཏུ་བདེ་བ་བསིལ་བ། དྲིས་ཀྱང་ར་རོ་བ་མངོན་པར་འགྲུབ་ན་འཐུངས་པས་ལྟ་ཅི་སྨོས་ཏེ། དེ་ན་ལྷ་གཞོན་ནུ་ར་རོ་བར་འགྱུར་རོ། །​དྲང་སྲོང་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་དག་གི་གཞལ་མེད་ཁང་ནི་མཛེས་བྱེད་ཅེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh93.html?part=UT22084-044-014-424#UT22084-044-014-424