Degé Kangyur volume 101, F.241.b
སྐྱེ་བ་དྲན་པ་དང་། ཐོས་པ་འཛིན་པར་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་དམ་པའི་ཆོས་དང་མི་འབྲལ་བར་འགྱུར་རོ། །ལོངས་སྤྱོད་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་སར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་དབང་ཕྱུག་བྱམས་པའི་ངང་ལས་སྙིང་རྗེའི་ཤུགས་ཀྱིས་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐྱེད་ནས། པདྨ་དང་། ཉི་མ་དང་། ཟླ་བའི་གདན་ལ་ཧྲཱིཿའི་འཕྲོ་འདུ་ལས་ཞལ་གཅིག་པ་ལ་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་ན་བགྲང་ཕྲེང་མུ་ཏིག་དཀར་པོ། གཡོན་འོག་མ་ན་པདྨ་དཀར་པོ་བསྣམས་པ། སྐུ་མདོག་དཀར་པོ་ཞབས་རྫོགས་པའི་སྐྱིལ་ཀྲུང་བཅས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། རིན་པོ་ཆེའི་དབུ་རྒྱན་གྱིས་མཛེས་པ། མ་ལྷ་མོ་དྲུག་མ་དང་། ཡབ་ནོར་བུ་རིན་པོ་ཆེས་བརྟེན་པ། བྱང་ཆུབ་སེམས་དཔའ་དང་། སེམས་མ་རབ་ཏུ་མང་པོས་བསྐོར་ཏེ་འདི་སྐད་ཅེས་གསུངས་སོ། །
Previous The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh909.html?part=UT22084-094-002-60#UT22084-094-002-60